མདོ་དབུས་མཐོ་སྒང་གི་ཤར་ལྷོའི་མཚམས་སུ་སྤྱི་ལེ་གྲུ་བཞི་ཁྲི་15.3ཡོད་པའི་དཀར་མཛེས་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྩ་དོན་ལག་ལེན་ཧུར་ཐག་བསྟར་ནས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་སྐྱེ་ཁམས་ཉེན་མེད་ཡོང་བར་བརྟན་སྲུང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པར་བརྟེན། གནམ་སྔོན་མོ་དང་། ཆུ་དྭངས་མོ། ས་གཙང་མ་ཡོང་བའི་སྲུང་སྐྱོང་དམག་འཐབ་གོ་རིམ་ཡོད་པའི་སྒོ་ནས་རྒྱག་འགོ་བཙུགས་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལོ་རྒྱུས་ཀྱི་ཆུ་ཚད་ཆེས་བཟང་ཤོས་སུ་སླེབས་པ་དང་། མཁའ་དབུགས་སྤུས་དག་ཚད་ནི་ལོ་ལྟར་བརྒྱ་ཆ་བརྒྱ་ཡིན་ཞིང་། མཁའ་དབུགས་སྤུས་ཚད་ཕྱོགས་འདུས་སྟོན་གྲངས་དེ་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཡིན་ལ། ཀྲུང་གོའི་མཁའ་དབུགས་གཙང་མའི་གྲོང་ཁྱེར་བཅུའི་མདུན་གྲས་སུ་ཚུད་ཡོད། རྒྱལ་ཁབ་ཀྱི་གནས་བྱེ་བྲག་ཏུ་ས་ངོས་ཆུ་སྤུས་དཔྱད་ཞིབ་ཀྱི་ཨང་རིམ་ཁྲོད་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཡིན། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་དང་འཁྱག་ཀླུང་ཡང་གསེར་རི་དངུལ་རི་ཡིན། དཀར་མཛེས་ཁུལ་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཁུལ་ཚུགས་པའི་འཐབ་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཁུལ་བསྐྲུན་གང་ཐུབ་བྱེད་ཅིང་། སྐྱེ་ཁམས་སྲུང་སྐྱོང་གི་ཐག་རྒྱ་དམར་པོ་དང་རང་བྱུང་སྲུང་སྐྱོང་ས་ཆའི་རྒྱ་ཁྱོན་ཚང་མ་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཡིན། དཀར་མཛེས་ཁུལ་གྱིས་རང་ངོས་ཀྱི་མཐུན་རྐྱེན་དང་བསྟུན་ནས་འབྱུང་འཕྲོད་འཕེལ་རྒྱས་ཀྱིས་ཚུལ་སྒྱུར་རིམ་སྤར་ལ་སྣེ་ཁྲིད་དེ་རིག་གནས་དང་ཡུལ་སྐོར་གཙོས་པའི་དེང་རབས་ཞབས་ཞུའི་ལས་རིགས་མ་ལག་བསྐྱངས་ཤིང་། ནུས་ཁུངས་གཙང་མ་གཙོས་པའི་དེང་རབས་བཟོ་ལས་གསར་པའི་མ་ལག་བརྟེན་པ་དང་། གནས་མཆོག་དཀར་མཛེས་ཁུལ་གྱི་ཐོན་རྫས་ཆེན་པོ་བཅུ་གཙོས་པའི་དེང་རབས་ཞིང་ལས་མ་ལག་གཉེར་བས། དཀར་མཛེས་ཁུལ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འབྱོར། སྐྱེ་ཁམས་ཡག་པོ་བཅས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་ཡོད། གངས་རིའི་འདབས་དང་ཆུ་བོའི་ངོས། རི་སྔོ་ཆུ་དྭངས་ལ་འཛིན་མའི་ཁྱོན་ལ་གཡུ་མདངས་ཀྱིས་ཁེབས། ཀྲུང་གོ་མཛེས་སྡུག་ལྡན་པའི་རི་མོ་རེ་རེའི་ཁྲོད་ནས་དཀར་མཛེས་ཁུལ་གྱི་གྲུབ་འབྲས་བཟང་པོ་མངོན།
ད་ལྟ་ཡིན་ནའང་འདྲ། མ་འོངས་པ་ཡིན་ནའང་འདྲ། དཀར་མཛེས་ཁུལ་གྱིས་མུ་མཐུད་དེ་སྐྱེ་ཁམས་སྤུས་ཚད་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏང་བ་དང་། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བསྐྲུན་པ་ལྷག་བསམ་རྣམ་དག་དང་ལག་ལེན་དངོས་སུ་བསྟར་ནས་ཀྲུང་གོའི་དཀར་མཛེས་ཁུལ་གྱི་ས་གཞི་འདིའི་གནམ་དེ་བས་སྔོ་བ་དང་། ཆུ་དེ་བས་དྭངས་མོ། ཁོར་ཡུག་དེ་བས་མཛེས་པ་བྱ་ངེས་སོ། །