རྔ་ཁུལ་གྱི་ལོ10ཡི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཀྱི་གྲུབ་འབྲས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་ཉིན་རེའི་ཚགས་པར། སྤེལ་དུས། 10-15



 

རིག་གནས་ཀྱི་ཞིང་ས་གཤིན་པོར་བདེ་སྐྱིད་ཀྱི་འཚོ་བའི་ལོ་ལེགས་སྨིན།

 

  ——ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྔ་བ་ཁུལ་གྱིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་པའི་གནས་ཚུལ་རགས་བཀོད།


 

《མཐོ་སྒང་གི་ཉི་ཟེར།》  ཡིད་བཞིན་གྱི་མཛེས་རིས།  


     རྔ་ཁུལ་གྱི་མཐོ་སྒང་ནས་ཐོན་པའི་པར་རིས་བརྩམས་ཆོས་འདི་དག་གིས་ང་ལ་ཡུལ་དངོས་སུ་འབྱོར་བའི་སྣང་བ་འགོག་མེད་དུ་སྐྱེས་ཤིང་། མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད་ཨང་། ཉེ་ཆར། རྔ་བ་ཁུལ་རིག་གནས་ཁང་གིས་རྩ་འཛུགས་ཏེ་འོས་སྦྱོར་བྱས་པའི་པར་རིས་དང་བྲིས་གཟུགས། མཛེས་རྩལ། ལག་བཟོ་སྒྱུ་རྩལ་བརྩམས་ཆོས་སྣ་ཁ་22ཡོད་པ་དེ་སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་སྟོན་གྱི་མཐོང་ཤེས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དུ་འགྲེམ་སྟོན་བྱས་ཡོད།

 

《འབྲོག་མོའི་བསྟོད་གཞས།》 ཧྥན་ཧི་ཆིས་པར་བླངས། 


     རྔ་ཁུལ་དུ། ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་རང་བྱུང་གི་བཀོད་པ་བརྗིད་ཅིང་ལྟ་ན་སྡུག་པ།  ནང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དར་ཞིང་རྒྱས།  ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད།  རྔ་ཁུལ་དུ་གཞིས་ཆགས་པའི་བོད་རིགས་དང་ཆའང་རིགས། ཧའེ་རིགས། རྒྱ་རིགས་སོགས་མི་རིགས་ཁག་གིས་སྐྱིད་སྡུག་གི་ལས་དབང་མཉམ་རོལ་དང་མཉམ་འགྲོས་མཉམ་གཤིས་བྱས་ཤིང་། རིག་གནས་སྣ་མང་པོ་ཕན་ཚུན་འོ་ཆུ་ལྟར་འདྲེས་ཤིང་དར་རྒྱས་ལ་སྐུལ་མ་ཐེབས་ཡོད་ལ།  མི་རིགས་བར་དུ་མཛའ་བརྩེ་ཟབ་མོ་ཞོ་ལྟར་ཆགས་འདུག

     རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་རྣམ་ཤེས་ཡིན། རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་དང་ལྡན་ན་མི་རིགས་ལའང་སྟོབས་འབྱོར་ལྡན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་ཀྱི་འགོ་ཁྲིད་འོག རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་བྱ་གཞག་སྐོར་གྱི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་རིག་གནས་སྒྱུ་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་དོན་དངོས་ཀྱིས་ལག་ལེན་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་ལས་སྒྲུབ་ལམ་སྟོན་རྒྱུན་འཁྱོངས། རིག་གནས་ཀྱི་ལམ་སྲོལ་སྒྱུར་བཅོས་ཟབ་མོ་སྒུལ་ཤུགས་སུ་བཟུང་བ། རིག་གནས་ཀྱི་མཉེན་ཤུགས་ཇེ་མཐོར་གཏོང་བ་གཙོ་གནད་དུ་བཟུང་བ། རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་བསྒྱུར་བ་དམིགས་འབེན་དུ་བཟུང་སྟེ། རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དང་རིག་གནས་ཀྱི་རང་རྟོགས་ཇེ་དྲག འགན་འཁྲི་ཁུར་སེམས་ཇེ་དྲག་བཅས་སུ་སོང་ཡོད་ལ། ཁུལ་ཡོངས་ཀྱི་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ལ། དགེ་མཚན་ཡང་འབུར་དུ་ཐོན་ཡོད།


 རི་ཆུ་ཞིག་གིས་མི་ཚོགས་སྐྱོང་ལ།  རིག་གནས་ཤིག་ཀྱང་སྤེལ་ཐུབ། 

     རྔ་བ་ཁུལ་གྱི་ལོ་རྒྱུས་རྒྱུན་རིང་ཞིང་མི་རིགས་ཀྱི་རིག་གནས་ཀྱང་འོད་སྟོང་ལྡན་པ་ཞིག་ཡིན།  དམངས་སྲོལ་གོམས་གཤིས་འདྲ་མིན་སྣ་ཚོགས་ཡོད།  ཕུལ་དུ་བྱུང་བའི་ལོ་རྒྱུས་དང་རིག་གནས་དེ་དག་སྔོག་འདོན་དང་སྲུང་སྐྱོང་བྱས་ནས་རིག་གནས་ཀྱི་རྒྱུན་ཐག་མ་ཆད་པར་འཕེལ་རྒྱས་སུ་སོང་ཞིང་། རིག་གནས་གཉེར་མཁན་གྱི་རུ་ཚོགས་སྐོར་ཅིག་གིས་རིག་གནས་ཀྱི་ཡིད་ཆེས་བརྟན་པོར་བཅངས་ཤིང་།  རིག་གནས་ལ་བརྟེན་ནས་མི་སྣ་བསྐྱངས་བ་དང་། རིག་གནས་ལ་བརྟེན་ནས་སྤྱི་ཚོགས་བརྟན་བརླིང་བཏང་བ།  རིག་གནས་ལ་བརྟེན་ནས་དམངས་ལ་ཕན་བཏགས་པ།   རྔ་བ་ཁུལ་གྱི་རིག་གནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་རྒྱུན་མི་ཆད་པར་སྐུལ་མ་བཏང་སྟེ།  ཡིད་དབང་འཕྲོག་པར་བྱེད་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་དེ། 


    ——ན་ནིང་གི་ཟླ་7པར། རིག་གནས་ལྗོངས་སྐོར་པུའུ་དང་ནོར་སྲིད་པུའུ་ཡིས་བཀྲམ་པའི《རྒྱལ་ཁབ་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ས་ཁུལ(རྣམ་གྲངས)སྐོར་ཁག་བཞི་བའི་མིང་ཐོ་ཁྱབ་བསྒྲགས་སྐོར་གྱི་བརྡ་ཐོ》(རིག་ལྗོངས་སྤྱི་སྤྱོད་ཀྱིས་བཀྲམ་པའི་ཨང་རྟགས〔2021〕75པ)ལས་རྔ་ཁུལ་གྱི་བོད་ཆའང་ཟློས་གར་སློབ་གླིང་དུ་བསྐྱོད་པ་ཞེས་པ་དེ་“སྐོར་ཁག་བཞི་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་གི་དཔེ་སྟོན་རྣམ་གྲངས”ལ་དངོས་སུ་ཚུད་ཡོད། དེ་ནི་རྒྱལ་ཡོངས་སུ་སྐོར་ཁག་དེར་ཚུད་པའི་དཔེ་སྟོན་རྣམ་གྲངས་47ལས་བྱེ་བྲག་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་མཚན་བྱང་ཐོབ་པའི་རྣམ་གྲངས་གཅིག་པུའང་ཡིན།  

 

མཛོད་དགེའི་ན་རྒན་མཚོ། འདོ་རིགས་རྟ་ཕོ་རྩྭ་ཆུ་གཙང་མར་རོལ། 


     ——ཟླ་1པོའི་ཚེས་9ཉིན།  སི་ཁྲོན་ཞིང་ཆེན་རིག་གནས་ལྗོངས་སྐོར་ཐིང་གིས་སི་ཁྲོན་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ས་ཁུལ་གྱི་མིང་བྱང་བསྒྲགས་ཏེ།  རྔ་བ་ཁུལ་རྒྱལ་རོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་རྨ་རྒྱུད་རྟ་མཆོག་གི་རྨ་ཆུའི་རྩྭ་ཐང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ།  དྭགས་པོའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་བཅས་ནི་སི་ཁྲོན་ཞིང་ཆེན་གྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ས་ཁུལ་དུ་ངོས་བཟུང་ཡོད། 

     ཁྱེད་རང་ཡིད་ཚིམས་རྒྱུ་ནི་ང་ཚོའི་འཚོལ་སྙེག་ཡིན།

 

《ཇོ་མོ་གླང་མའི་ཡང་རྩེའི་རུ་དཔོན།》 

 —— ཟླ་6པའི་ཚེས་18ཉིན། རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ཀྱིས་མཐུན་རྐྱེན་སྦྱར་ཞིང་གྲ་སྒྲིག་བྱས་པའི་གློག་བརྙན《ཇོ་མོ་གླང་མའི་ཡང་རྩེའི་རུ་དཔོན》འཛམ་གླིང་ཡོངས་སུ་ཐོག་མར་སྟོན་པའི་མཛད་སྒོ་དང་རྒྱལ་ཡོངས་སུ་ལམ་འཁྲབ་མགོ་འཛིན་མཛད་སྒོ་དེ་ཁྲེང་ཏུའུ་གླང་ཆེན་འགྱིང་རིའི་གློག་བརྙན་ཕབ་སྐྲུན་ཁང་ནས་སྤེལ།  གློག་བརྙན་དེ་ལ་བརྟེན་ནས་རྔ་བ་ཁུལ་གྱི་གངས་རི་ཆེན་པོའི་རིག་གནས་ལྗོངས་སྐོར་གྱི་མིང་རྟགས་རྒྱ་ཆེར་སྤེལ་ནས་འཛམ་གླིང་ཡོངས་སུ་ཁྱབ་པར་འགྱུར་ངེས།


 —— རྒྱང་སྐྱོད་རིང་མོའི་བསམ་བློ་རླབས་པོ་ཆེ་ཁྲིད་སྟོན་དུ་བཟུང་སྟེ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་རྔ་ཁུལ་མཚམས་ཀྱི་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་རྔ་ཁུལ་ལེགས་པར་བསྐྲུན་ནས།  དུས་རབས་གསར་བར་གསར་བརྗེའི་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལེའུ་གསར་བ་བྲིས་ཡོད།


 ……


     རིག་གནས་ནི་མི་རིགས་ཤིག་གི་བསམ་བློའི་དབང་རྩ་ཡིན་ལ། རྩོམ་རིག་སྒྱུ་རྩལ་ནི་དུས་རབས་ཡར་ཐོན་གྱི་དུང་བརྡ་ཡིན། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་འཛུགས་སྐྲུན་ཏན་ཏིག་གིས་ལེགས་པར་གཉེར་ཅིང་། སྲིད་གཞུང་གི་གཙོ་ཁྲིད་རྒྱུན་འཁྱོངས་དང་དག་ཞིང་གི་བརྩམས་ཆོས་ལེགས་རྩོམ་བྱས་ཏེ། དག་ཞིང་སྲུང་སྐྱོང་ཀུན་ལ་ཁྱབ་པར་སྤེལ་བ་དང་དག་ཞིང་བསྐྲུན་མཁན་སྒོ་ཀུན་ནས་གསོ་སྐྱོང་། དག་ཞིང་མིང་བྱང་ཁྱོན་ཡོངས་ནས་གསར་གཏོད་བྱས་ཤིང་། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་མཉམ་འདྲེས་སྐུལ་རེས་དང་གཅིག་གྱུར་བཀོད་འདོམས་ཀྱི་རྣམ་པ་གསར་བ་ཆགས་ཡོད་པས། རྔ་ཁུལ་གྱི་མི་རྣམས་ཀྱིས་མི་རིགས་ཀྱི་བསམ་བློ་དང་བློ་གྲོས་འདུས་པའི་དངོས་མིན་ཤུལ་བཞག་རིག་གནས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་རྙེད་ཅིང་། རིག་གནས་ཀྱི་ཡིད་ཆེས་སྔར་བས་ཀྱང་ཇེ་བརྟན་དུ་སོང་ཡོད།   


     དེང་སང་། རྔ་ལྗོངས་ཕྱུག་མོ་འགྲིམ་ན། རིག་གནས་སྣ་ཚོགས་ཀྱི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་། ག་ས་གང་ནས་སྙན་ཞིང་འཇེབས་པའི་གླུ་སྐད་དང་རོལ་དབྱངས་སྙན་མོ་གྲགས་འོངས། རིག་གནས་ཀྱི་དྲི་ངད་ཞིམ་པོ་རང་ཁུལ་གྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་མ་ཟད། རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་མུ་མཐུད་དུ་སྤེལ་བ་དང་བསྟུན།  བརྩམས་ཆོས་ལེགས་གྲས་ཀྱིས་རིག་གནས་ལ་སྐར་གྲངས་བསྣན་ཞིང་སྒྱུར་བཅོས་གསར་གཏོད་ཀྱིས་རིག་གནས་འཕེལ་རྒྱས་ལ་ངར་ཤུགས་བསྩལ་ཡོད། རིག་གནས་དམངས་ཕན་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་ཇེ་སྐྱིད་དུ་སོང་ཡོད།  




མི་དམངས་གང་དུ་ཡོད་ན། དེ་ནི་ལྟེ་གནས་ཡིན། འཚོ་བ་གང་དུ་རོལ་ན། དེ་ནི་གར་སྟེགས་ཡིན།   



 

     ས་གཞིར་མུན་པའི་ཡོལ་རིས་རབ་རིབ་ཏུ་འཐེན་འོངས་དུས། དཀར་སེར་དམར་ལྗང་གི་གློག་འོད་ཆེམ་ཆེམ་དུ་སྤྲོས། ལོ་ངོ་2300ལྷག་གི་ལོ་རྒྱུས་ལྡན་པའི་ཟུང་ཆུ་གནའ་མཁར་དུ་མི་ཚོགས་འཚང་ཁ་ཤིག་ཤིག་བྱེད་ཅིང་། ཡུལ་སྐད་འདྲ་མིན་སྣ་ཚོགས་བཤད་པའི་ཕྱོགས་བཞིའི་མགྲོན་པོ་ཆུ་བཞིན་བཞུར། མགྲོན་པོ་དག་གིས་ཡུལ་དེའི་དམངས་སྲོལ་འཁྲབ་སྟོན་ལོངས་སུ་སྤྱོད་བཞིན་ཡོད་ལ། མགྲོན་པོ་ལ་ལ་ཞིག་འཁྲབ་སྟོན་དུ་ཞུགས་ཏེ། ཡུལ་དེ་གའི་མང་ཚོགས་དང་མཉམ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྐོར་བྲོ་འཁྲབ་བཞིན་མཛའ་བརྩེའི་ལག་རྡང་སྦྲེལ་བྱུང་།  

     ཝུན་ཁྲོན་རྫོང་ཝེ་ཀྲོའུ་གྲོང་རྡལ་རྨིན་ཅང་གཙང་འགྲམ་གྱི་ནུབ་ཆའང་རིག་གནས་ཀྱི་སྲང་ལམ་དུ། གློག་འོད་ཆེམ་ཆེམ་དུ་འཕྲོས་པ་ན། མཚན་གཞུང་གི་སྲང་ལམ་ནི་མཛེས་ཤིང་ལྟ་ན་སྡུག་པའི་རྨི་ལམ་གྱི་ཞིང་ཁམས་ལྟ་བུར་གྱུར། བགྲོད་ལམ་དང་ཆའང་ཁང་སོགས་གསེར་མདོག་གི་འོད་ཁྱིམ་དུ་སྦས་ཤིང་། དམར་དམག་ཟམ་ཆེན་དུ་གོམ་ཁ་རེ་རེ་བཞིན་སྤོ་ཞོར་འགྲོ་དུས། དམར་དམག་རྒྱང་སྐྱོད་སྐབས་སུ་ཡུལ་འདི་འགྲིམ་པའི་ལོ་རྒྱུས་དངོས་སུ་ཚོར་བ་འདྲ། 

     རྔ་ལྗོངས་ཕྱུག་མོ་ཡི་ཡུལ་ཚོའི(གྲོང་རྡལ)རིག་གནས་ས་ཚིགས་དང་གྲོང་སྡེའི་རིག་གནས་ཁང་བཅས་སུ་རིག་གནས་ཀྱི་དྲི་ངད་འཐུལ་ཞིང་སྐྱོར་ཀློག་གི་སྒྲ་དབྱངས་སང་སང་དུ་མཆེད་འོངས། རིག་གནས་ཐང་ཆེན་དུ་རོལ་དབྱངས་སྙན་མོའི་འགྱུར་ཁུགས་དང་འགྲོགས་ནས་གར་གྱི་སྟངས་སྟབས་ལང་ལོང་དུ་བསྒྱུར། གྲོང་ཁྱེར་གྱི་ཐང་ཆེན་དང་བོད་ཡུལ་ཆའང་སྡེ་སོགས་ཡུལ་གྲུ་གང་ཞིག་འགྲིམ་ཡང་། ཡུལ་དེ་གའི་རོང་འབྲོག་མང་ཚོགས་ཀྱིས་ལུས་ཁམས་བདེ་ཐང་སྦྱོང་བརྡར་བྱེད་པའི་རྣམ་པ་མཐོང་ཡོང་། ལོ་ངོ་མང་བོའི་རིང་།  མང་ཚོགས་ཀྱི་རེ་བའི་འདུན་མ་བསྐང་ཆེད། རྔ་བ་ཁུལ་གྱིས་སྤྱི་སྤྱོད་རིག་གནས་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། རིག་གནས་དམངས་ཕན་གྱི་བྱེད་སྒོ་མང་དུ་སྤེལ།

     མང་ཚོགས་ཁམས་གསེང་རོལ་རྩེད་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་འདི་ནི། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱིས་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དང་རིམ་པ་ཇེ་མཐོར་བཏང་བའི་ཕན་འབྲས་ཤིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བླ་ལྷག་ཏུ་མཐོང་ཆེན་མཛད་དེ། རང་ཁུལ་གྱི་སྤྱི་སྤྱོད་རིག་གནས་འཛུགས་སྐྲུན་གྱི་གཏོང་དངུལ་བརྟན་པོར་འཕར་བ་དང་། ཡུལ་ཚོ་དང་གྲོང་རྡལ་ཁེབས་པའི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་དྲ་རྒྱ་ཕལ་ཆེར་གྲུབ་ཡོད། སྤྱི་སྤྱོད་རིག་གནས་ཞབས་ཞུའི་ཕན་འབྲས་མངོན་གསལ་དུ་ཇེ་མཐོར་སོང་ཡོད། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད། སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སྤྱི་ཁོག་དར་རྒྱས་དང་གཙོ་གནད་འབུར་ཐོན། ཕྱོགས་ཀུན་རིམ་སྤར་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་འདུག

     ཟླ་9ཚེས་22ཉིན། རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས།  རྔ་བ་ཁུལ་སློབ་གསོ་ཅུས་ཀྱིས་དངོས་སུ་ཡིག་ཆ་བཀྲམ་ནས། རྔ་བ་ཁུལ་གྱི་སྐོར་ཁག་བཞི་བའི་རྒྱལ་ཁབ་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་རྣམ་གྲངས“བོད་ཆའང་ཟློས་གར་སློབ་གླིང་དུ་འཁྲབ་སྟོན”གྱི་གསར་གཏོད་ལས་སྒྲུབ་སྔོན་ཐོན་མི་སྣ་དང་སྔོན་ཐོན་ཐུན་མོང་ལ་ཡོངས་བསྒྲགས་སུ་གཟེངས་བསྟོད་བྱས་ཤིང་། འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོའི་ལྟེ་གནས་སློབ་ཆུང(པ་སུན་གྲོང་སྡེའི་བྱིས་གཉོར་ཁང་།)གི་དགེ་རྒན་ཤེལ་དཀར་ལྷ་མོའང་དེའི་ནང་དུ་ཡོད། 



 

འཛམ་ཐང་དངོས་མིན་ཤུལ་བཞག་རྒྱུན་འཛིན་པས་སློབ་མར་བོད་ཀྱི་ཟློས་གར་གྱི་འཁྲབ་གོས་གོན་བཞིན་པ། 

     རྔ་བ་ཁུལ་འབྲོག་ཁུལ་གྱི་གྲོང་སྡེ་རིམ་པའི་བྱིས་གཉོར་ཁང་ཆེས་ཐོག་མ་སྟེ་འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོ་པ་སུན་གྲོང་སྡེའི་བྱིས་གཉོར་ཁང་གི་བྱིས་པ་རྣམས་ཀྱི་ལུས་སུ་རྒྱུན་པར་བོད་ཀྱི་ཟློས་གར་འཁྲབ་གོས་གོན་ནས། སློབ་གླིང་དུ་བོད་ཀྱི་གེ་སར་ཟློས་གར《རྟ་རྒྱུག་རྒྱན་འཇོག》གསོན་ཉམས་ལྡན་པར་འཁྲབ་སྟོན་བྱེད་བཞིན་ཡོད།  དེ་ནི་2012ལོའི་ཟླ་10ནས་མགོ་བརྩམས་པ་ཞིག་ཡིན་ལ།  འཛམ་ཐང་གིས་ཐོག་མར་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཟློས་གར་སློབ་གླིང་དུ་འཁྲབ་སྟོན་བྱས་ཏེ། སློབ་མ་རྣམས་ལ་ཆུང་དུས་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་མི་རིགས་ཀྱི་རིག་གནས་དགའ་ཞེན་ཆེ་བའི་བསམ་པར་སྐུལ་སློང་བཏང་ཡོད།  

     དེ་ནི་རྔ་བ་ཁུལ་གྱིས“བོད་ཆའང་ཟློས་གར་སློབ་གླིང་དུ་འཁྲབ་སྟོན”བྱེད་སྒོ་སྤེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཅིག་ཡིན་ལ། རྔ་བ་ཁུལ་གྱིས་མི་རིགས་ས་ཁུལ་དུ་དེང་རབས་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པའི་ལམ་བུ་འཚོལ་ཞིབ་ཀྱི་འགྲེལ་བཤད་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས“བོད་ཆའང་ཟློས་གར་སློབ་གླིང་དུ་བསྐྱོད་པ”འི་བྱེད་སྒོ་དམ་པོར་བཟུང་ཞིང་།  “ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་རིགས་མཐུན་སྒྲིལ་ལ་འབད་འབུངས། དེང་རབས་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་ཇེ་མགྱོགས་སུ་བསྐྲུན་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དུས་རབས་ཀྱི་མི་སྣ་གསར་བ་གསོ་སྐྱོང་བྱེད་པ་བཅས”གསར་གཏོད་ཀྱི་དམིགས་འབེན་ལ་དམིགས་ཏེ། “སྲིད་གཞུང་གི་གཙོ་ཁྲིད་དང་ཡུལ་བབ་དང་བསྟུན་པ།  དཔེ་མཚོན་དཔེ་སྟོན། རིམ་ལྡན་སྐུལ་འདེད”ཀྱི་གསར་གཏོད་རྩ་དོན་བཏོན། “18488”ཀྱི་གསར་གཏོད་རྣམ་པ་ལག་ཏུ་བསྟར་བས། མི་རིགས་ས་ཁུལ་དུ་དེང་རབས་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཞིག་རྙེད་ཅིང་། རྣམ་པ་དེར་ལོ་རྒྱུས་ཡུན་རིང་ལྡན་པའི་རྔ་ཁུལ་གྱི་རིག་གནས་འདུས་ཤིང་། རྒྱ་ཆེ་བའི་རིག་རྩལ་ལས་སྒྲུབ་པ་རྣམས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཀྱང་འདུས་ཡོད།

 


ཧྲུའོ་མའོ་གྲོང་རྡལ་ཞན་ཧྥུང་ཡན་གྲོང་སྡེའི་ཞིང་ཁྱིམ་དཔེ་ཁང་དུ།  མ་བུ་གཉིས་ཀྱིས་བློ་རྩེ་བསྒྲིམས་ནས་དཔེ་ཆ་ཀློག་བཞིན་པ། 


     ཡུལ་གྲོང་ཀུན་ཏུ་རིག་གནས་དར་ཞིང་། མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་ཡང་ཕུན་སུམ་ཚོགས། ཞིང་ཁྱིམ་དཔེ་ཁང་དུ་རིག་གནས་ཀྱི་དྲི་བསུང་འཐུལ་བ་དང་། གཞི་རིམ་དུ་རིག་གནས་སྤེལ་ནས་དུད་ཁྱིམ་ཁྲི་སྟོང་ལ་ཕན་བཏགས་ཡོད། རིག་རྩལ་གསར་རྩོམ་ཆར་རྗེས་སུ་ཤ་མོ་བརྡོལ་བ་ལྟར་བྱུང་།  སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཆེན་པོ་ཡོང་བར་སྐུལ་མ་གཏོང་སྐབས། རྔ་ཁུལ་གྱིས་དུས་རབས་ཀྱི་དབྱངས་འགྲོས་ཁོང་དུ་ཆུད་ཅིང་། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལོ་རྒྱུས་རིག་གནས་གཏིང་ཟབ་ས་ནས་སྔོག་འདོན་དང་། ཁྱད་ལྡན་རིག་གནས་ཀྱི་མིང་རྟགས་གང་ནུས་ཀྱིས་བཏོད་ཡོད། རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་མཁྲེགས་པའི་ཕན་ནུས་ཐོན་སྟེ། རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་བསྒྱུར་བའི་གསོན་ཉམས་ལྡན་པའི་དཔེ་རིས་ཐང་མར་བརྡལ་ཡོད།


 རིག་གནས། ལོ་རྒྱུས་རུམ་པའི་བང་མཛོད་ཅིག མི་རིགས་ཀྱི་བསམ་བློ་ཡོངས་སུ་མཚོན་པའི་མེ་ལོང་ཞིག 


     རྔ་བ་ཁུལ་ནི་བོད་རིགས་དང་ཆའང་རིགས། དབྱིས་རིགས་བཅས་ཀྱི་ཁྱམས་ར་ཡི་ལྟེ་བར་གནས་ཤིང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ཡུལ་འདི་ནས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་མཉམ་འདྲེས་བྱུང་སྟེ། དར་གོས་ཚོང་ལམ་སྟེ“ལྷོ་ཆུ་ལམ”གྱི་དར་རྒྱས་དང་ཇ་རྟའི་ཚོང་ཁྲོམ་གྱི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྣ་འདུས་ཕུང་གཅིག་གི་རྣམ་པ་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཏུ་གྱུར།   

     ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ནི་རྩ་བའི་ལས་འགན་དུ་མཐའ་གཅིག་ཏུ་བཟུང་ཞིང་། སྤྱོད་ལམ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་ལ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཡ་རབས་སྤྱོད་བཟང་མུ་མཐུད་དུ་སྤེལ་བ་དང་། སློབ་གསོ་ཁྲིད་སྟོན་ལ་འབད་འབུངས་དང་ལག་ལེན་གོམས་སྲོལ་དུ་ཆགས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ནང་སེམས་སུ་བརྟན་པོར་ཆགས་ཤིང་། ཕྱི་སྤྱོད་ལམ་ནས་ལག་ཏུ་བསྟར། “གུས་བཟང་མཐུན་གྲོན”གྱི་སྤྱོད་ལམ་དར་སྤེལ་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། ཏང་བཙུགས་ནས་ལོ་འཁོར་100ལོན་པ་དང་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར་10ལོན་པ་སོགས་ཀྱི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཞིབ་ཅིང་ཕྲ་བར་བཀོད་སྒྲིག་བྱས་ཤིང་། “ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི”མང་ཚོགས་སློབ་གསོ་དང་། “རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན”གྱི་གྲྭ་བཙུན་སློབ་གསོའི་བྱེད་སྒོ་གསར་དུ་སྤེལ། “ཁྱིམ་གཞིས་གསར་བ། འཚོ་བ་གསར་བ། གོམས་སྲོལ་གསར་བའི”དཔེ་སྟོན་འཛུགས་སྐྲུན་སྒོ་ཀུན་ནས་སྤེལ་མགོ་བཟུང་བ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཤེས་སྣང་བརྙན་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་གསོ་སློབ་ཁྲིད་སོགས་ཀྱི་ལས་ཀ་ཏན་ཏིག་གིས་སྤེལ་ཏེ། “འབྲལ་དུ་མེད་པ་གསུམ”དང་“ངོས་ལེན་ལྔ”ཡི་འདུ་ཤེས་ཡིད་ཀྱི་གཏིང་ལ་སིམ་ཡོད།  


 

     དེ་དང་མཉམ་ཏུ། རྔ་བ་ཁུལ་གྱིས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པའི་ཐབས་ཤེས་གལ་ཆེན་ཞིག་ཏུ་བརྩིས་ཏེ།《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་གི་སྲོལ་ཡིག》བཀྲམས་ཤིང་ལག་ཏུ་བསྟར་བ་ནས་བཟུང་།《ཐང་ག》《ཆའང་གི་འཚེམ་འདྲུབ》སོགས་དངོས་མིན་ཤུལ་བཞག་ཆེད་ལས་འཇོན་ནུས་གསོ་སྦྱོང་གི་བསླབ་དེབ་སྐོར་ཅིག་རྩོམ་སྒྲིག་བྱས་ཤིང་། ངག་རྒྱུན་ལོ་རྒྱུས་ཆེད་ཚན་དངོས་བྲིས་བརྙན་ཐུང་ཚན་པ་170ཕབ་སྐྲུན་བྱས་ཡོད།  《རྔ་བའི་རིག་མཛོད》དང་། 《ཀྲུང་ཧྭ་ཆའང་རིགས་ལོ་རྒྱུས་རིག་གནས་གཅེས་བཏུས།》སོགས་རྩོམ་སྒྲིག་དང་པར་སྐྲུན་བྱས་ཡོད། 《རལ་བའི་རྣམ་ཤེས》《གསར་བརྗེའི་རྒྱལ་པོ》《རྔ་བའི་བཟའ་ཚང་།》《ནོར་གནག་གི་གསར་བརྗེ》སོགས་རིག་རྩལ་བརྩམས་ཆོས་མང་པོར་བྱ་དགའ་རྩ་ཆེན་ཐོབ་པར་མ་ཟད། བག་ཆགས་ཀྱང་ཟབ་མོ་བཞག་ཡོད། ངོ་མ་ངོ་ཐོག་གི་ཐབས་ཤེས་ཁྱད་པར་བ་རེ་རེར་བརྟེན་ནས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་མངོན་སུམ་གྱི་དོན་སྙིང་བསྩལ་ཡོད། བརྩེ་བ་དང་དགའ་ཞེན་གྱིས་ཕྱུག་པའི་འབད་བརྩོན་རེ་རེ་ལས་རང་ཁུལ་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཡིད་ཆེས་དང་ཆོད་སེམས་ལེགས་པར་མཚོན་ཡོད་ལ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ལོ་རྒྱུས་ཀྱི་རང་རྟོགས་དང་རིག་གནས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ཞིང་།  ཀྲུང་ཧྭ་མི་རིགས་ཀྱི་ངོས་ཟིན་ཇེ་བརྟན་དུ་སོང་ཡོད། 


 

     འཛམ་ཐང་རྫོང་དུ། རྡོ་བརྐོས་རྒྱུན་འཛིན་པ་ལྷ་དཔལ་གྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ཀྱིས་རྡོ་བརྐོས་ཡི་གེ་བརྐོ་བཞིན་འདུག  བརྩམས་ཆོས་རེ་རེ་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད། འབར་ཁམས་གྲོང་ཁྱེར་དུ། 2011ལོར་བོད་སྤོས་རྒྱུན་འཛིན་པ་ཤེས་རབ་རང་ཡུལ་དུ་ལོག་ནས་བྱམས་སྨོན་བོད་སྤོས་སྤུས་རྟགས་གསར་དུ་བཏོད། སྲོལ་རྒྱུན་གྱི་ལག་རྩལ་ཞིབ་འཇུག་དང་རྒྱུན་འཛིན་བྱེད་པ་དང་སྦྲགས། ཡུལ་མི་གཉེན་ཉེ་རྣམས་ལ་དབུལ་བྲལ་ཕྱུག་སྒྱུར་གྱི་ལམ་བུ་ཞིག་ཀྱང་བསྟན་ཡོད། མཛོད་དགེ་རྫོང་དུ་བྱམས་པ་རྒྱུན་འཛིན་པ་སྟེ། རྫོང་བོད་ཡིག་སློབ་འབྲིང་གི་མཛེས་རྩལ་དགེ་རྒན་བློ་བཟང་དར་རྒྱས་ཀྱིས་དངོས་མིན་ཤུལ་བཞག་གི་ས་བོན་རེ་རེ་སློབ་མའི་རྒྱུད་ལ་འདེབས་བཞིན་འདུག 


 

     རིག་གནས་ནི་ལོ་རྒྱུས་དང་ད་ལྟ། མ་འོངས་པ་བཅས་ལ་འབྲེལ་ཡོད་ལ། བཞུར་རྒྱུན་ཆད་དུ་མེད་པའི་ཁྲག་རྩ་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ངོ་བཅུ་ཡི་རིང་། རྔ་བ་ཁུལ་གྱིས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རང་སྐྱོང་ཁུལ་གྱི་ལྐོག་ནུས་དང་ལེགས་ཆ་གང་ལེགས་སུ་བཏོན་ནས། རྔ་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་དང་མིང་རྟགས་གང་ནུས་ཀྱིས་གསར་དུ་བཏོད་པ་དང་།  རིག་རྩལ་བརྩམས་ཆོས་མང་དུ་ཐོན་པ། སྤྱི་སྤྱོད་རིག་གནས་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་བ། རིག་གནས་ཀྱི་བྱ་གཞག་དང་རིག་གནས་ཀྱི་ཐོན་ལས་དར་ཞིང་རྒྱས་པ།  མི་རིགས་ཁག་གི་མི་དམངས་ཀྱི་བརྩོན་འགྲུས་ཀྱི་བསམ་བློ་དྲག་ཏུ་བསྐྱེད་ཡོད་ལ། མང་ཚོགས་ཀྱི་ཞུགས་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་མངོན་གསལ་དུ་ཇེ་དྲག་ལ་སོང་ཡོད།


     དབུ་ཁྱུད་གསར་དུ་འབྲི་བའི་གནས་སུ་ལངས་ཤིང་། བགྲོད་ལམ་གསར་བར་གོམ་སྟབས་བརྟན་པོ་སྤོ་ཨང་། རྔ་བ་ཁུལ་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་རིག་གནས་ཀྱི་ཡིད་ཆེས་མི་འགྱུར་བྲག་བཞིན་བརྟན་པའི་སྒོ་ནས། རིག་གནས་ཕུན་སུམ་ཇེ་ཚོགས་དང་གོང་ནས་གོང་དུ་སྤེལ་ཏེ། རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་བསྒྱུརབའི་ལེའུ་གསར་བ་ཞིག་མཉམ་དུ་འབྲི་བ་གོར་མ་ཆག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1