དོན་ཆེན་འབད་པས་བསྒྲུབས། གཡུར་ཟའི་འབྲས་བུ་ལྡན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྔ་བ་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་རགས་བཀོད།
ལོ་གཅིག་གི་སྔོན་དུ་ཁུལ་ཡོངས་ཀྱི་རྫོང་ཁག་13(གྲོང་ཁྱེར།)དང་། སྡེ་བ་དབུལ་བོ་606དང་། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཁྲི་10.38བཅས་དབུལ་ཕོངས་ལས་བྲལ་བ་དང་། སྤུས་རྟགས་ཆེན་པོ་དགུའི་དགོངས་དོན་ལྟར་དུ་རིག་གནས་དང་ལྗོངས་སྐོར་ལ་མཐོང་ཆེན་བྱས་ཏེ། དེ་གཉིས་ཟུང་དུ་སྦྲེལ་བར་སྐུལ་མ་བཏང་བར་མ་ཟད། རྫོང་གི(གྲོང་ཁྱེར)མཛེས་ལྗོངས་ཁུལ་ཡོད་ཚད་4Aཡི་རིམ་པ་བཏང་བ་དང་། མི་དམངས་ཀྱི་འཚོ་བའང་ཇེ་ལེགས་སུ་ཕྱིན་ཡོད་ལ། དམངས་འཚོའི་ཐད་དུ་ནོར་སྲིད་ཀྱི་འགྲོ་སོང་ཡང་བརྒྱ་ཆ་70བཏང་ཡོད།
ལོ་བཅུ་ལ་ཕྱིར་མིག་བལྟས་ན། དེ་ནི་བརྗེད་དཀའ་བའི་དོན་ཆེན་ཞིག་སྟེ། བྱ་བའི་ཚད་གཞི་ལོན་ཞིང་གྲུབ་འབྲས་ལྡན་པ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རྔ་བ་ཁུལ་གྱིས་ཀྱག་ཀྱོག་གི་འགག་ཕྲེང་མང་བོ་བརྒྱུད་པའི་གཏམ་རྒྱུད་རིང་མོ་དང་། བྱ་གཞག་ཡོད་ཚད་འབད་པས་བསྒྲུབས་པའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་ཤེས་རབ་དང་རྔུལ་ཁྲག་གིས་བསྐྲུན་པའི་གྲུབ་འབྲས་ཀྱང་ཡིན། དེ་ཡིས་རྔ་ཁུལ་གྱི་ས་སྒང་འདི་ལྷག་ཏུ་བརྒྱན་ཡོད།
2018ལོའི་ཟླ་2ཚེས་12ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རང་ཁུལ་གྱི་ཝུན་ཁྲོན་རྫོང་ཡིང་ཞིའུ་གྲོང་རྡལ་དུ་གཟིགས་ཞིབ་ལ་ཕེབས་ཤིང་། རྔ་བ་ཁུལ་གྱི་མི་དམངས་ལ་བརྩེ་བས་མཛུབ་སྟོན་གནང་བར་མ་ཟད། རྔ་བའི་ལས་དོན་ལ་ཐུགས་ཞིབ་ཟབ་མོ་གནང་ཞིང་། ཚད་མཐོ་བའི་སྒོ་ནས་རྔ་བ་འཕེལ་རྒྱས་སུ་འགྲོ་བར་ཁ་ཕྱོགས་གསལ་བོར་བསྟན་ཏེ། བྱ་བའི་གླེང་གཞི་དང་རྩ་དོན་ཡང་འདོན་སྤྲོད་བྱས། རང་ཁུལ་གྱིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་དྲུག་པའི་དགོངས་དོན་ལྟར་དུ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་དམིགས་འབེན་གསར་བར་མྱུར་དུ་བརྩོན་པས། ལས་རིགས་གསར་བསྐྲུན་གྱི་རྦ་རླབས་ཐེངས་གསུམ་པ་ཁྱོན་ཡོངས་ནས་འཕྱུར་བ་རེད།
ལས་རིགས་གསར་བསྐྲུན་གྱི་ལོ་རྒྱུས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱི་ལོ་བཅུ་ཡིན་ལ། དེ་ནི་རྔ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་འགྱུར་ལྡོག་ཆེ་བའི་ལོ་བཅུ་ཡང་ཡིན། ལོ་བཅུ་ནི་སྤོབས་པས་བཏེགས་པའི་མདུན་སྐྱོད་རིང་མོ་ཡིན་ལ། རྔུལ་ཁྲག་གིས་བསྐྲུན་པའི་འབད་བརྩོན་གྱི་གོ་ཆ་ཡང་ཡིན་ཏེ། ལོ་རྒྱུས་ཀྱི་གསང་བར་བསྟིམས་ཤིང་དྲན་པའི་མེ་ལོང་གི་ངོས་ན་གསལ།
བརྩོན་པ་ཕྲག་ཏུ་བླངས། ལྗང་མདོག་གཙིགས་སུ་འཛིན།
གོང་ཅུང་ཙམ་འཕར་དང་། ཅུང་ཙམ་འཕར་དང་། ཉོ་ཚོང་ལ་ཡིད་རྟོན་དང་དྲང་བདེན་དགོས་པ་རེད། ང་ཚོས་རིན་གོང་ལ་བསྐྱར་དུ་གྲོས་བྱེད་ཆོག་ཅེས་ཧུང་ཡོན་རྫོང་ནོར་གནག་ཉོ་འཚོང་ཁྲོམ་ར་ན་ཚོང་བདག་རྣམས་བྲེལ་འཚུབ་ཀྱིས་ཁེངས་འདུག
ཁྲོམ་རའི་ཉོ་འཚོང་ནི་ཉེས་སྐྱོན་བྲལ་ཞིང་གོ་རིམ་ལྡན་པ་ཞིག་ཏུ་འགྱུར་རྒྱུ་དང་། འབྲོག་པ་རྣམས་ཀྱི་སྐམས་ལུག་གི་རིན་གོང་ཧ་ཅང་རན་པ་ཞིག་ཏུ་གཏོང་ཆེད་2015ལོར་ཧུང་ཡོན་རྫོང་གིས་མ་དངུལ་ཁྲི་220བཏང་སྟེ། སི་ཁྲོན་ནུབ་བྱང་གི་ཆེས་ཆེ་བའི་སྐམས་ཚོང་གི་ཁྲོམ་ར་བཙུགས་པས། སྐམས་ཚོང་སྟབས་བདེར་གྱུར་པ་རེད། མིག་སྔར་ཧུང་ཡོན་རྫོང་གི་སྐམས་ལུག་གསོན་ཚོང་ནི་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད་ལ། གཞི་རྒྱ་ཆེས་ཆེ་བའི་སྐམས་ཚོང་གི་ས་གནས་ཤིག་ཏུ་གྱུར་ཡོད། སྟོན་ཁར་ཉིན་གཅིག་ལ་སྐམས་5000བཙོངས་ཐུབ་པ་དང་། ཉིན་གཅིག་གི་ཡོང་སྒོ་ནི་ཆ་སྙོམས་སྒོར་ཁྲི་3000ལྷག་ཡིན། དེ་ནི་རང་ཁུལ་གྱི་ཐོན་སྐྱེད་དང་ལྗོངས་སྐོར་ཟུང་འབྲེལ་གྱི་ཁྲོམ་ར་ཞིག་ཡིན་ལ། ནུབ་རྒྱུད་ཀྱི་ལྗང་མདོག་ལྡན་ཞིང་རྒྱུད་མཐུད་འཕེལ་རྒྱས་ཀྱི་འབྲོག་པའི་ཐོན་ལས་ནི་དྲ་རྒྱ་དང་ཟུང་འབྲེལ་བྱས་པའི་དཔེ་སྟོན་དུ་གྱུར་ཡོད།
ཁྲོམ་ར་ཧ་ཅང་འདུ་འཛི་ཆེ་མོད། ཧུང་ཡོན་གྱི་རྩྭ་ཐང་དུ་ཕྱིན་ན། དེ་རུ་གྲལ་དག་པའི་སྡོད་ཁང་དང་ཟོག་ར་ནི་རི་ལྟར་དཔུང་སྒྲིག་ཡོད་ལ། ཡངས་ཤིང་ཁོད་སྙོམས་པའི་སྤང་ལམ་ནི་རྒྱང་རིང་དུ་བརྐྱངས་ཡོད། དེ་རུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་བཀྲམ་པ་ནི་མེ་ཏོག་གི་ཚོམ་བུ་དང་འདྲ་ལ། འདི་ལྟ་བུའི་མཛེས་ལྗོངས་ཀྱིས་མི་སེམས་ཅིག་ཅར་ཕྲོགས་པ་གདོན་མི་ཟ། དེ་ལས་ཧུང་ཡོན་གྱི་འབྲོག་ལས་དར་བའི་བདེན་རྟགས་མངོན་སུམ་དུ་མཐོང་ཐུབ།
ཧུང་ཡོན་རྫོང་གི་དེང་རབས་འབྲོག་ལས་ནི་རང་ཁུལ་གྱི་ལྗང་མདོག་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་པའི་རྣམ་པ་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་དུ་རང་ཁུལ་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་དམིགས་འབེན་གསར་བ་མྱུར་དུ་འཛུགས་སྐྲུན་དང་། སྣེ་ཁྲིད་བཞི་དང་སྐྱེ་ཁམས་གཙིགས་འཛིན་ཞེས་པ་གཏན་འབེབས་བྱས་པར་མ་ཟད། ས་ཁུལ་རྣམ་གསུམ་མཉམ་བསྐྲུན་དང་། ལས་རིགས་རྣམ་ལྔ་མཉམ་སྤྱོད་ཅེས་པའི་ཐོན་ལས་གསར་བའི་སྒྲིག་གཞི་གསར་དུ་བཙུགས་པ་དང་། ཀུན་ལ་བགྲོད་ཐུབ། ཁྱོན་ཀུན་རྒྱ་བསྐྱེད་ཅེས་པའི་རྣམ་པ་གསར་བ་སྒོ་འབྱེད་པ་དང་། 6+Nཞེས་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རོང་འབྲོག་ལས་དང་། 5+Nཞེས་པའི་སྣོད་བཅུད་བཟོ་ལས། 1+6ཞེས་པའི་དེང་རབས་ཞབས་ཞུའི་ལས་རིགས་བཅས་ཀྱི་སྒྲིག་གཞི་གསར་དུ་བཙུགས།
འཆར་གཞིའི་རི་མོ་འཁྱོང་བར་བརྩོན། འབད་པས་སྒྲུབ་པ་ཀུན་ལས་གཙོ།
རང་ཁུལ་གྱིས་འཕེལ་རྒྱས་ནི་གནད་དོན་ཡོད་ཚད་སེལ་བའི་རྨང་གཞིར་བཟུང་སྟེ། ནུས་པ་སྔོག་འདོན་དང་། སྐྱོན་ཆ་ཁ་གསབ་བྱས་པར་མ་ཟད། འཕེལ་རྒྱས་ལ་སྐུལ་མ་བཏང་ཞིང་། གྲུབ་འབྲས་ཇེ་བཟང་དུ་བཏང་།
ཐོན་ལས་ཇེ་བརྟན་དུ་བཏང་བ། 6+Nཡི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རོང་འབྲོག་ལས་མཐོར་འདེགས་དང་། 5+Nཡི་སྣོད་བཅུད་བཟོ་ལས་འཕེལ་རྒྱས། 1+6ཡི་དེང་རབས་ཞབས་ཞུའི་ལས་རིགས་མྱུར་དུ་འཕེལ་བར་གཞོལ་བ་དང་། 2016ལོའི་ཐོན་ལས་དེ་དག་གི་བསྡུར་ཚད་ནི་15.7ནས་47.2དང་། 37.1ལ་འཕར་བ་དང་། 2021ལོར19.6ནས23.8དང་། 56.6ལ་འཕར་བ་རེད།
རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་བ། ཝུན་ཁྲོན་དང་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། མེན་དབྱང་དང་མའོ་རྫོང་བར་གྱི་ལྕགས་ལམ་གྱི་ཕུག་ལམ་ཡང་ཤར་གཏོང་ཐུབ་པར་གྱུར། ཁྲེང་ཏུའུ་དང་ལན་ཀྲུའུ་བར་གྱི་ལྕགས་ལམ་དང་། འབར་ཁམས་དང་གཅིག་སྒྲིལ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་དང་། གྱ་གྱུ་ལའི་ཕུག་ལམ་དང་། གཙང་གཉིས་འགག་སྒོ། ཆུ་ཆེན་སོགས་ཀྱི་ཆུ་གློག་ས་ཚིགས་ཁྱོན་ཡོངས་ནས་མྱུར་དུ་བསྐྲུན་པར་སྐུལ་མ་བཏང་བར་མ་ཟད། འབར་ཁམས་སོགས་ཀྱི་གློག་སྐྱེལ་ལས་གཞི་འཛུགས་སྐྲུན་བྱས། 2018ལོ་ནས་གཏན་འཇགས་རྒྱུ་ནོར་མར་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་སྟེ། ལོ་བཞི་ལ་རྒྱུན་མཐུད་ཀྱི་འཕེལ་རྒྱས་བྱུང་ཡོད།
བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། ཞིང་ལས་དང་གྲོང་གསེབ། སྲིད་འཛིན་ཆོག་མཆན་སོགས་གནད་གཙོ་བོ་དག་བསྒྱུར་བཅོས་བྱས་པ་མངོན་པར་གསལ་ཞིང་། ཕྱི་ཕྱོགས་ཀྱི་སྒོ་འབྱེད་ལ་སྐུལ་འདེད་དང་། ཁྱོན་ཡོངས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་ལྡན་ལ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་གཏན་འཁེལ་ལྟར་དུ་རམ་འདེགས་དང་། ཀྲེ་ཅང་དང་སི་ཁྲོན་གྱིས་ཤར་ནུབ་རམ་འདེགས་མུ་མཐུད་དུ་ཇེ་བཟང་དུ་གྱུར་པར་མ་ཟད། ཁྲུང་ཆིང་དང་བོད་ཀྱི་རྔ་བའི་ཚོང་ཚོགས་བཙུགས་ཤིང་། ཕན་ཚུན་གཉིས་ཕན་དང་མཉམ་ལས་བྱས།
ལོ་ཟླ་དལ་གྱིས་བསྐྱོད་པའི་དུས་སུ། ལྗང་མདོག་འཕེལ་རྒྱས་ཀྱི་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་ཞིང་། རྔ་བའི་འཕེལ་རྒྱས་ཀྱི་ཚད་གཞི་ཇེ་མཐོ་དང་། མདུན་སྐྱོད་ཀྱི་གོམ་སྟབས་ཇེ་བརྟན་དུ་གྱུར།
སེམས་ཤུགས་གཅིག་བསྒྲིལ་གྱིས་གྲོང་གསེབ་དར་རྒྱས་ལ་གཡུར་ཟའི་འབྲས་བཟང་སྨིན།
ཞིང་ལས་འཕེལ་མིན་དང་། གྲོང་གསེབ་སྐྱིད་མིན། ཞིང་བ་ཕྱུག་མིན་བཅས་ནི་ཞིང་བ་མང་ཚོགས་ཀྱི་ཐོབ་བྱ་དང་བདེ་སྐྱིད་ཀྱི་མྱོང་ཚོར་ལ་འབྲེལ་བ་ཟབ་མོ་ཡོད། གྲོང་གསེབ་དར་རྒྱས་ཀྱི་ལས་གཞི་ཆེན་མོ་དང་དུ་བླངས་པར་མ་ཟད། དེ་ལ་རང་ཁུལ་གྱིས་མི་རིགས་བསྐྱར་དར་དང་། གྲོང་གསེབ་དར་རྒྱས་བཅས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་པ་དང་། ཇུས་གཞི་གཅིག་ཏུ་བསྡུས་ཏེ་དར་རྒྱས་ཆེན་པོ་རྣམ་ལྔར་སྙེག་བཞིན་ཡོད་ལ། ཞིང་ལས་ཀྱི་སྤུས་ཚད་ཇེ་བཟང་དང་། རོང་འབྲོག་ཁུལ་ནི་གཏན་སྡོད་ལ་འཚམ་ཞིང་ལས་རིགས་དར་བ། རོང་འབྲོག་མི་དམངས་ཕྱུག་འགྱུར་བཅས་ལ་སྐུལ་འདེད་བཏང་།
ལོ་བཅུའི་རིང་དུ་རང་ཁུལ་གྱིས་དབུལ་ཕོངས་ཀྱི་ནད་རྙིང་དྲུངས་ནས་ཕྱུང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད་ལ། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་སྦྲེལ་མཚམས་ཇེ་ལེགས་སུ་བཏང་ནས། རང་ཁུལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཇུས་ཆེན་ལག་ལེན་དུ་བསྟར་བ་ནི་དུས་རབས་གསར་བའི་ཞིང་གསུམ་ཞེས་པའི་ལས་དོན་སྤྱི་ཁོག་དམ་འཛིན་བྱེད་པ་དེ་ཡིན་ལ། སྲིད་ཇུས་བཟང་བོ་གཞི་རྩ་དང་། བྱེད་ཐབས་གསར་བ་གནད་དུ་བཟུང་སྟེ། ཇུས་འགོད་གཅིག་གྱུར་དང་། ཞིང་ལས་དང་ཞིང་གྲོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་ཇེ་བརྟན་དུ་བཏང་།
འབྲས་ལྡན་སྟོན་གྱི་དུས་སུ། ཝུན་ཁྲོན་རྫོང་གཙང་གསུམ་གྲོང་རྡལ་དུ་སྐྱོད་སྐབས། རི་ཀླུང་དང་གྲོང་ཚོ་གཞི་གཅིག་ཏུ་འདྲེས་ཤིང་། དེ་ཁམ་བུའི་མེ་ཏོག་གིས་རྒྱན་གྱིས་སྤྲས་ཤིང་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་བ། རྣང་ཞིང་གི་དཀྱིལ་དུ་སྡེ་མི་རྣམས་ལས་བྲེལ་གྱི་ཁེངས་པའི་རྣམ་པ་མིག་ལམ་དུ་མངོན་ཡོང་།
ཁམ་བུ་སྨིན་པ་ན། སྡེ་མི་ཝང་ཡ་ཡིས་གྲོགས་ཚོམས་ནས་ཁམ་བུ་བཙོངས་པ་རེད། གཙང་གསུམ་གྲོང་རྡལ་དུ་དབྱར་དུས་སུ་ལྗོངས་སྐོར་བ་མང་ལ། སྟོན་དུས་སུ་ཤིང་ཏོག་བཙོངས་ཐུབ་པས། མང་ཚོགས་ཀྱི་ཡོང་སྒོ་ཇེ་ལེགས་སུ་གྱུར་ཏེ་འཚོ་བ་སྔར་ལས་ཇེ་བཟང་དུ་ཕྱིན་ཡོད་ཅེས་ཝང་ཡ་ཡིས་བཤད་བྱུང་།
སྟོན་དུས་སུ་ཤིང་ཏོག་སྨིན་ཏེ་དྲི་བསུང་ཕྱོགས་ཀུན་ཏུ་འཐུལ་ཞིང་། དེའི་དུས་སུ་བཙན་ལྷ་རྫོང་དབང་ཞིང་གྲོང་རྡལ་གྱི་བོར་རོམ་སྡེ་བའི་སྡེ་མི་རྣམས་ཤིང་ཏོག་འཐོག་པར་བྲེལ་བ་རེད། ཤིང་ཏོག་ཀུ་ཤུ་ནི་དབང་ཞིང་གྲོང་རྡལ་གྱི་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ཐོན་ལས་གཙོ་བོ་ཡིན་ལ། གྲོང་རྡལ་ཡོངས་སུ་ཀུ་ཤུའི་སྡོ་བོས་ས་མུའུ་2300ལྷག་ཟིན་ཡོད།
དེ་དང་ཆབས་ཅིག་ཏུ་བོར་རོམ་སྡེ་བའི་ཀུ་ཤུ་ནི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་སུ་གྱུར་ཡོད་པ་དང་། སྡེ་བ་རང་གི་དགེ་མཚན་ལ་བརྟེན་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་མི་མཉམ་རུབ་མཉམ་ཞུགས་དང་། ཁྲོམ་རའི་འཁོར་སྐྱོད་བཅས་ཟུང་འབྲེལ་བྱས་ནས། སྡེ་མི་རྣམས་རྐང་འཛིན་དང་། སྡོད་ཁང་ནི་མགྲོན་ཁང་དུ་བསྒྱུར་བར་མ་ཟད། རྣང་ཞིང་ནི་སྤྱི་གླིང་དུའང་བསྒྱུར་ཏེ་ལྗོངས་སྐོར་དང་ཞིང་ལས་ལ་མཉམ་རོལ་གྱི་བྱེད་ཐབས་ལག་ལེན་དུ་བསྟར་ཡོད། གློག་རྡུལ་ཚོང་ལས་དང་། སྐད་འཕྲིན་སོགས་ལ་བརྟེན་ནས་བཙན་ལྷའི་ཀུ་ཤུ་ཕྱིར་ཚོང་བྱས་པས། སྡེ་མི་རྣམས་ཀྱི་དཔལ་འབྱོར་གྱི་ཡོང་སྒོ་སྔར་ལས་ཇེ་བཟང་དུ་གྱུར་ཡོད།
རང་ཁུལ་གྱི་ས་ཆ་མང་བོར་བོར་རོམ་སྡེ་བ་དང་འདྲ་བར་སྣོད་བཅུད་མཛེས་ཤིང་སྡོད་གནས་ལ་འཚམ་པ། ཐོན་ལས་དར་ཞིང་ཞབས་ཞུ་འཐུས་ཚང་བ། བཅོས་སྐྱོང་ལེགས་ཤིང་གྲུབ་འབྲས་ལྡན་པའི་གྲོང་གསེབ་སྐོར་ཞིག་ཡོད་ལ། དེ་ནི་གྲོང་གསེབ་དར་རྒྱས་ཀྱི་གསོན་ཤུགས་གསར་བ་ཡིན།
ད་ལྟའི་རྔ་བའི་བོད་ཀྱི་སྡོད་ཁང་དང་ཆའང་རིགས་ཡུལ་ཚོས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད་ལ། རྔ་བའི་གཞོན་ནུ་ཕོ་མོས་བྱ་བ་ནན་གྱིས་བསྒྲུབས་པར་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་གཞུང་ལམ་ལ་མྱུར་དུ་ཞུགས་ཏེ་སྤོབས་པས་མདུན་དུ་སྐྱོད་བཞིན་ཡོད། ཐོན་ལས་དར་ཞིང་། གཏན་སྡོད་ལ་འཚམ་པ། འབྱོར་ཕྱུག་ལྡན་པའི་ཡུལ་ཚོ་གསར་བ་ཞིག་བསྐྲུན་པར་འབད་བཞིན་ཡོད།
འགན་འཁྲི་ཕྲག་ཏུ་བླངས། འདུན་པར་བརྩོན་ཞིང་སྙེག
རྔ་བར་རང་བྱུང་ཐོན་ཁུངས་དང་། རོང་འབྲོག་ལས་ཀྱི་ཐོན་ཁུངས། རིག་གནས་ལྗོངས་སྐོར་གྱི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པས། དེ་ནི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད། དེ་དག་ཅི་ལྟར་ཕན་ནུས་ལྡན་པའི་ཐོན་ཁུངས་ལེགས་ཤོས་ཤིག་ཏུ་བསྒྱུར་རྒྱུ་དང་། སྤྱི་ཚོགས་དཔལ་འབྱོར་ཀྱི་འཕེལ་རྒྱས་སྤུས་ལེགས་སུ་གཏོང་རྒྱུ་ནི་གནད་འགག་ཅིག་ཏུ་གྱུར་ཡོད་ལ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་དོན་དངོས་དང་མཐུན་ཞིང་། ཁ་ཚ་དགོས་གཏུགས་ཀྱི་བྱ་བའི་ཉམས་ལེན་ཞིག་དང་། མདུན་སྐྱོད་ཀྱི་ལམ་གཞུང་རིང་མོ་བརྒལ་བའི་རེ་སྙེག་གི་བརྒྱུད་རིམ་ཞིག་ཀྱང་ཡིན།
ལྗང་མདོག་གི་འཕེལ་ཕྱོགས་གཏན་ལ་ཕབ་ཅིང་། དུས་རབས་གསར་བའི་འཕེལ་རྒྱས་ལ་འབད་པས་བསྙེག་དགོས། རང་ཁུལ་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་གྱི་དམིགས་འབེན་གསར་བ་གནད་དུ་བཟུང་སྟེ། སྐྱེ་ཁམས་དང་འཕེལ་རྒྱས། དམངས་འཚོ། གཏན་འཇགས་བཅས་གཙིགས་སུ་བཟུང་བ་དང་། གཙོ་བོ་རྣམ་ལྔའི་བྱ་བའི་སྒྲུབ་ཕྱོགས་དང་། སྣེ་ཁྲིད་རྣམ་བཞི། སྐྱེ་ཁམས་གཙིགས་འཛིན་ཞེས་པ་གཏིང་ཇེ་ཟབ་དང་། ས་ཁུལ་རྣམ་གསུམ་མཉམ་བསྐྲུན་དང་། ལས་རིགས་རྣམ་ལྔ་མཉམ་སྤྱོད་ཅེས་པའི་སྒྲིག་གཞི་གསར་འཛུགས་དང་། ཀུན་ལ་བགྲོད་ཐུབ་པ། ཁྱོན་ཀུན་རྒྱ་བསྐྱེད་ཅེས་པའི་རྣམ་པ་གསར་བ་སྒོ་འབྱེད་བྱས།
རང་འགུལ་གྱིས་བྱ་བ་ནན་གྱིས་བསྒྲུབས་ཏེ་ལག་ལེན་ལས་གསར་བསྐྲུན་འཚོལ་ཞིབ་དང་། གསར་བསྐྲུན་ཡང་ལག་ལེན་དུ་ཕབ་སྟེ། སི་ཁྲོན་གྱི་ནུབ་བྱང་དུ་ཆགས་པའི་རྔ་བ་ནི་སྐྱེ་ཁམས་དཔེ་སྟོན་ཁུལ་ལ་འགྱུར་བར་མྱུར་དུ་བརྩོན་དགོས་ལ། འབད་པར་གྲུབ་འབྲས་ལྡན་ཞིང་འཕེལ་རྒྱས་ལ་བང་རིམ་ཡོད་དགོས་པའི་བསླབ་བྱ་སེམས་སུ་ཉར་ནས། ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རྩེ་གཅིག་ཏུ་གཞོལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཕུགས་བསམ་མངོན་འགྱུར་ལ་རྔ་བས་སྟོབས་ཤུགས་འབུལ་དགོས།
གནས་བབ་ལ་མཐུན་ཞིང་དུས་རབས་ལ་བསྟུན་པའི་འཕེལ་རྒྱས་ལ་ཇུས་འགོད་དང་། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་རྔ་བའི་རེ་བ་འགྲུབ་པར་བརྩོན་དགོས། དེ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དང་དུང་ཞེན་ཡིན་ལ། ཕུགས་འདུན་ལ་ཞེན་པའི་རེ་སྐུལ་ཡང་ཡིན་ནོ། །