གླུ་ཐ་ལ་ལ་མོ་ཐ་ལ་ལེན། །
གླུ་ཨ་ལ་ལ་མོ་ཨ་ལ་ལེན། །
མཆོད་དོ་བསྟོད་དོ་ཧོར་གྱི་ལྷ། །
རྒྱབ་བརྟེན་ཐེལ་མོ་ཧོར་ལྷས་མཛོད། །
ཉོན་དང་དཔའ་ཚང་ཤན་པ་ཉོན། །
ཧོར་གྱི་སྒོམ་ཆེན་ཞལ་ལྕེ་ལ། །
ཁ་བདེ་ལྕེ་མཁས་དགོས་པ་མེད། །
སྦ་ཆེན་ཉ་ཚང་གོང་འོག་ནས། །
ཉ་སྤུན་གསུམ་འོང་དོན་ཅི་ལ་ཡོད། །
གུར་སེར་གླིང་ལ་ཤོར་བ་ན། །
བླ་ཉ་འོང་དོན་ཅི་ལ་ཡོད། །
གུར་ནག་བྲན་ལ་ཚུད་པས་ན། །
བླ་ཉ་ག་ནས་འོང་རྒྱུ་ཡོད། །
སྦ་ཆེན་ཉ་ཚང་གོང་མ་ཡི། །
ཉ་ཆེན་དཔྲལ་བ་ཁ་ཆེ་དེ། །
ཨ་གནམ་ང་ཡི་བླ་ཉ་རེད། །
ཉ་མགོ་རི་དང་མཉམ་ལེ་དེ། །
གུར་དཀར་དབུ་འཕང་མཐོ་རྟགས་རེད། །
ཉ་རྐེད་ཆུ་ལ་མི་ཤོང་བ། །
དབང་ཐང་གཞན་ལས་ཆེ་རྟགས་རེད། །
ཉ་རྔ་དགུང་ལ་གཡུགས་ལེ་དེ། །
སྙན་གྲགས་དགུང་ལ་གྲགས་རྟགས་རེད། །
གྲུ་པ་སྡེ་ཆེན་བཅུ་གཉིས་དེ། །
ཧོར་ཆུའི་གཞུང་ལ་བཏབ་ན་ཡང་། །
ང་མགོ་འཛིན་དབུ་འཕང་མཐོ་བས་ན། །
ཧོར་སྡེ་ས་ཁའི་རྩི་ཏོག་ལ། །
ཁོ་གྲུ་པ་འགའ་ཙམ་ཡོད་མེད་འདྲ། །
ཐེའུ་རང་བླ་རྡོ་སྤུན་གསུམ་དེ། །
བླ་ཉ་རང་ལ་བྱིན་ལེ་ཡིན། །
བུ་ཆུང་འོ་མས་བསོས་ལེ་དེ། །
དགྲ་ལ་འཐབ་ཉིན་གཏོང་ལེ་ཡིན། །
རྟ་འདོ་བ་ཆས་ཀྱིས་བསོས་ལེ་དེ། །
མགྱོགས་དར་ལྕེ་ལེན་ཉིན་རྒྱུག་ལེ་ཡིན། །
བྱང་འབྲོང་གཡག་དབྱར་ལ་བསོས་ལེ་དེ། །
སྟོན་ཤ་ཆང་དགོས་ཉིན་བཤའ་ལེ་ཡིན། །
ཕྱུགས་ཟས་དཀར་འབྲི་མོ་བཟོས་ལེ་དེ། །
ལར་རྒྱ་ཇ་སྐོལ་ཉིན་དགོས་ལེ་ཡིན། །
དེ་ཨེ་གོ་ཤན་པ་རྨེ་རུ་རྩེ། །
ཁྱོད་ཡ་རྩེའི་ནང་ལ་སྒོམ་ཐག་བརྒྱབ། །
ཐང་ཆེན་པོ་པདྨ་ཡར་འཁྱིལ་ན། །
ཕ་བླ་མའི་མདུན་ནས་དབང་སྐལ་ཆད། །
ཧོར་མི་མང་ནང་ནས་ངོ་ཚ་ཉོས། །
ཤར་ཁྲ་མོ་གླིང་གི་ས་ཆ་ནས། །
མགོ་ཡ་ཐོད་དུང་ཕོར་འདན་མས་བཀོག །
དཔའ་འདྲ་འདྲའི་ནང་ནས་ངོ་ཡང་ཚ། །
ཆགས་ཆེན་པོ་ཡོད་ན་དགོས་རྒྱུ་རེད། །
དེ་ནས་ཤན་པ་རྨེ་རུ་རྩེ། །
ཡ་རྩེ་དཀར་མོའི་ནང་ཤེད་ན། །
མཚམས་འདུག་ན་ཤན་པ་ཁྱོད་རང་སྡོད། །
ང་གུ་ཡང་གནམ་གྱི་རྒྱལ་པོ་འདི། །
མཚམས་བསྡད་རབ་ཨེ་ནས་གོ་མ་མྱོང་། །
ཨ་ཆེན་ངོམ་ཐང་སྐྱ་མོ་ན། །
ཚོ་ཆེན་ཧོར་གྱི་སྡེ་དཔོན་དེ། །
མཚམས་སྒོ་བཅད་བྱེད་པ་དགོས་དོན་མེད། །
དེ་གཞན་ལ་དྲིས་སམ་རང་གིས་དྲན། །
སྡུག་ཨ་ཐང་ལ་ཐང་ཆད་ཉིན་མོ། །
མཚམས་ལ་མ་བསྡད་རང་བསྡད་ཡིན། །
མཚམས་སྒོ་བཅད་མ་བྱས་རང་བཅད་ཡིན། །
དགུན་ས་ཆུ་སྦུབས་ལ་ཚུད་ཉིན་མོ། །
མི་དྲན་དབྱར་གྱི་ཐན་པ་དྲན། །
ཆབ་ཉི་མས་བཞུ་བའི་སྔ་ལྟས་ཡིན། །
སྟོན་འབྲུ་དྲུག་རྒྱན་ལ་འཁྲུངས་ཉིན་མོ། །
མི་དྲན་དགུ་དྲན་བསིལ་བ་དྲན། །
དགུན་བསེར་བུས་བསྡམ་པའི་སྔ་ལྟས་ཡིན། །
ཧོར་སེར་པོ་ཉ་བདེ་ཆུ་བདེ་ལ། །
མི་དྲན་དགུ་དྲན་མཚམས་འདུག་དྲན། །
སྡུག་ཨ་ཐང་ཆད་པའི་སྔ་ལྟས་ཡིན། །
ཧོར་དཔའ་ཚང་ཤན་པ་རྨེ་རུ་རྩེ། །
ཁྱོད་མཚམས་ལ་འདུག་པའི་རྒྱགས་ཕྱེ་ལ། །
དབྱར་གསུམ་རྩི་ཏོག་ཅི་གསོག་གྱིས། །
དགུན་གསུམ་འཕྱི་བའི་ཁུང་ལ་སྡོད། །
འཕྱི་ཁུང་དུ་བས་མ་བདུག་བར། །
ཤན་པ་རྒྱལ་པོ་སྒོ་བཅད་སྡོད། །
ལས་དེ་ནས་ཅི་དགོས་ཤེས་ནས་འོང་། །
ང་གུ་ཡང་གནམ་གྱི་རྒྱལ་པོ་ལ། །
ཚོད་འཛིན་མི་མང་སྟེ་ཟིན་མི་དཀོན། །
ཨ་ཆེན་ཧོར་གྱི་ཡ་ཐ་ཡི། །
མཛོ་མོ་རུ་རྫོང་མ་ཤོར་ན། །
ཁྱོད་ཚོད་འཛིན་བྱེད་རྒྱུ་དེ་རང་ཡིན། །
མཐོ་ནམ་མཁའ་འོད་ཀྱི་ཞིང་ཁམས་ནས། །
སྤྲིན་དཀར་མོས་ཚག་རག་འཐེན་ས་ན། །
རླུང་བསེར་བུས་གདེང་ཚོད་འཛིན་རྒྱུ་མེད། །
ཆར་ཨེ་འབབ་ལྷོ་སྤྲིན་ང་རང་ཤེས། །
འབྲུག་ཨེ་གྲགས་ལྷོ་སྤྲིན་ལག་ན་ཡོད། །
ཧོར་སེར་པོའི་ཇུས་དམར་བསམ་པས་ན། །
ང་དཔོན་ལ་བསྐུར་ཆ་རེམ་རེམ་གྱིས། །
ཧོར་སེར་པོ་མ་ནུས་མཐའ་ནས་སྐྱོང་། །
རྔ་མས་མགོ་ལ་མ་འབྲབ་དང་། །
ཧོར་སེར་པོའི་ཆོས་དོན་དེ་ག་ཡིན། །
རང་ལུས་ཆེན་པོ་བཟོ་བ་ལ། །
མགོ་དཔོན་ལ་བཀུར་གཟོ་དགོས་རབ་ཡོད། །
དཔོན་ལ་བཀུར་གཟོ་མ་བྱས་ན། །
རང་ཆེ་རྡོ་ཐོག་བ་མོ་ཡིན། །
དེ་ཨེ་གོ་ཤན་པ་རྨེ་རུ་རྩེ། །