སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་འཚོགས་ཏེ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-01


                                སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་འཚོགས་ཏེ།

 “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་།བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

                          ཝང་ཞའོ་ཧུའེ་ཡིས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།ཧོང་ཆང་གིས་བརྒྱུད་བསྒྲགས་བྱས་པ་དང་། ཐེན་ཞང་ལི་ཚོགས་ཞུགས་བྱས།

སྤྱི་ཟླ་10པའི་ཚེས་25ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་པའི་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་ནན་མོ་བྱ་རྒྱུ་ནི་མིག་སྔ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་དེ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་རྩ་འཛུགས་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། “འདུ་ཤེས་བཞི”ཤུགས་སྣོན་ནན་མོ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། རང་འགུལ་ངང་བསམ་བློ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། སྟོབས་ཤུགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་མངོན་འགྱུར་བྱེད་དགོས་པའི་ལས་འགན་སོ་སོའི་ཐོག་གཅིག་སྡུད་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱས་ཏེ། བགྲོད་ལམ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱ་ཆེད་སི་ཁྲོན་གྱི་བྱས་རྗེས་འཇོག་དགོས།


ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུའི་ལས་ཀའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཚོགས་ཞུགས་བྱས།


ཝང་ཞའོ་ཧུའེ་ཡིས་གསུང་བཤད་ཁྲོད་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་རྒྱལ་ཁ་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་འཐུས་ཚང་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ཚོགས་ཆེན་ལ་ཆབ་སྲིད་དང་། རིགས་པའི་གཞུང་ལུགས། ལག་ལེན་བཅས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་ཞུ་དང། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏང་རྒྱུའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་བཀོད་དེ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད་པས། དེ་ནི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། ཚོགས་ཆེན་ཐོག་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ཟབ་སྤེལ་དང་། དུས་རབས་གསར་པའི་ཏང་ལེགས་སྐྱོང་གི་རླབས་ཆེན་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་གཏང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དགོས་གལ་ཤིན་ཏུ་ཆེ་བའི་རང་བཞིན་གསལ་བཤད་བྱས། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་ཀྱི་གསར་བརྗེར་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་གསལ་སྟོན་བྱས་པ་དང་། ཏང་གིས་ནམ་ཡང་ལམ་བར་ནས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་གསལ་སྟོན་བྱས་ཡོད། ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》 མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་གང་ལེགས་མཚོན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་མཚོན་པ་དང་། ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་གི་ཉམས་མྱོང་གསར་པ་མཚོན་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་མངོན་ཡོད། ཚོགས་ཆེན་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་དབྱང་འགོ་ཁྲིད་ལས་ཁུངས་སྐབས་གསར་པ་བདམས་ཐོན་བྱུང་བ། བློ་མཐུན་ཞི་ཅིན་ཕིང་མུ་མཐུད་དེ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞིར་བདམས་ཐོན་བྱུང་། ཏང་ཡོངས་ཀྱི་བློ་མཐུན་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་བརྩི་སྲུང་དང་། ཡིད་ཆེས། གུས་བཀུར་ཞུ་བ་བཅས་གང་ལེགས་མཚོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་གི་བླ་ན་མེད་པའི་སྙན་གྲགས་མཚོན་པ་དང་། མི་དམངས་དུང་ཕྱུར་མང་པོས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན་གྱི་རྗེས་སུ་བསྙེགས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཐུན་མོང་གི་སེམས་འདུན་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་མཚོན་པ་བཅས་རེད།


ཝང་ཞའོ་ཧུའེ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ཁོང་དུ་གནད་འཁེལ་ཆུད་པར་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ལོ་བརྒྱའི་ཏང་གི་ཐོག་མའི་སེམས་འདུན་འགྱུར་ལྡོག་མི་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་མྱོང་ཚོར་གཏིང་ཟབ་བྱེད་པ། རང་རེའི་ཏང་གིས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ཇུས་འགོད་དང་རྒྱལ་ཁབ་སྟོབས་ཆེན་དུ་འཆར་འགོད་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་དང་འགན་འཁྲི་འཁུར་སེམས་མྱོང་ཚོར་གཏིང་ཟབ་བྱས་ཏེ། ངེས་པ་དོན་གྱིས་བརྗོད་བྱ་གཙོ་བོ་དེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། འདས་པའི་ལོ་5ཡི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཛ་དྲག་ཆེ་ཞིང་རྙོག་འཛིང་ཆེ་བའི་གནས་བབ་དེ་འདྲའི་འོག་འདི་འདྲའི་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་པའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གྱི་གོ་གནས་གཏན་འཁེལ་བྱས་པའི་རྐྱེན་ཡིན་པར་ངོས་འཛིན་ནན་མོ་བྱེད་དགོས། “གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཅིང་ལོ་རྒྱུས་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་རེད། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ང་ཚོས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་སྔར་བས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་དང་། སྔར་བས་རང་རྟོགས་ངང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དམ་འཛིན་ནན་མོ་བྱེད་དགོས། འདི་ནི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལག་ལེན་ཕྱོགས་བསྡོམས་བྱས་པ་ལས་ཐོབ་པའི་ཆོས་ཉིད་རང་བཞིན་ལྡན་པའི་ངོས་འཛིན་དང། རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག་ཡིན་ཏེ། རང་རེའི་ཏང་གིས་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད། ཁྱོན་ཡོངས་རང་བཞིན་གྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་བསམ་བློའི་དྲག་ཆས་སྟོབས་ལྡན་མཁོ་འདོན་བྱས། དགོངས་དོན་གལ་ཆེན་འདིའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ལེན་དགོས་ལ། དེའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་ལ་གོ་བ་བླངས་ནས་ཁོང་དུ་ཆུད་པར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་བཅས་བྱས་ཏེ། རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ཀྱིས་དད་མོས་བྱེད་མཁན་དང་། ཧུར་བརྩོན་གྱིས་ཁྱབ་སྤེལ་བྱེད་མཁན། བློ་དཀར་སེམས་དཀར་གྱིས་ལག་ལེན་བྱེད་མཁན་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གཏོང་བའི་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱིས་སྣེ་ཁྲིད་བྱེད་པ། སི་ཁྲོན་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་སི་ཁྲོན་གྱི་ཁྱད་ཆོས་མཚོན་པ་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། རླབས་ཆེ་བའི་རང་ཉིད་གསར་བརྗེ་ཡིས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་དེ་ནམ་ཡང་ལམ་ཐོག་ཏུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་དེ་ནམ་ཡང་བྱེད་བཞིན་པར་གོ་བ་གཏིང་ཟབ་བླངས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་གི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་བྱ་རྒྱུ་དེ་ཏང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རང་ཞིང་གི་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་མཐུན་སྒྲིལ་བྱས་ཚེ་གཞི་ནས་རྒྱལ་ཁ་ལེན་ཐུབ་པ་དང་། འབད་འཐབ་བྱས་ཚེ་གཞི་ནས་གྲུབ་འབྲས་ཐོབ་ཐུབ་པ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་སྔ་བར་ཕྱི་གསུམ་དུ་བློ་ལ་བརྟན་པོར་ངེས་པ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། “སྤྱི་ཆིངས”ཆེ་ཤོས་གཅིག་ཏུ་འགྲིལ་བ། “ལྟེ་མཐུན་སྒོར་དབྱིབས”ཆེ་ཤོས་འབྲི་བ་བཅས་བྱེད་དགོས། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དམ་འཛིན་ནན་མོ་དང་། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ། ཏན་ཏན་ཏིག་ཏིག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དག་བྱ་སྤྱོད་ཐོག་དངོས་སུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དེ་རེད།


ཝང་ཞའོ་ཧུའེ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་དེ་སི་ཁྲོན་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་སྐུལ་འདེད་བརྟན་པོ་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་སྤེལ་གཏོང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དུས་རབས་གསར་པའི་གནས་ཚད་གཏན་འཁེལ་བྱས་ཡོད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་དེ་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་ཁག་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་མཚོན་ཐུབ་པ་བྱས་ནས། སི་ཁྲོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་གཏོང་སྟེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་འཛུགས་རྒྱུ་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་བླང་བྱ་སྐུལ་འདེད་ཤུགས་ཆེན་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ཇེ་མགྱོགས་གཏོང་བ། དཔེ་གསར་གྱི་བཟོ་ལས་ཅན་དང་བརྡ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མཉམ་དུ་འཕེལ་རྒྱས་གཏོང་བར་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རྒྱས་ཇེ་མགྱོགས་གཏོང་བ། སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཐོན་ལས་མ་ལག་དང་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། དེང་རབས་ཅན་འཛུགས་སྐྲུན་གྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་གྱི་བཀོད་སྒྲིག་དང་བླང་བྱའི་ནུས་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ། “ཐོན་ཁུངས་ཨང་དང་པོ”ཡིན་པའི་ཤེས་ལྡན་མི་སྣ་དམ་འཛིན་ལེགས་པོ་བྱེད་པ། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སློབ་གསོ་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེན་གཏོང་བ་དང་ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ཆེན་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྔོན་ཐོན་ཞིང་ཆེན་ཇེ་མགྱོགས་སུ་གཏོང་དགོས། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་མི་དམངས་དམངས་གཙོ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་ལ་འགན་སྲུང་བྱེད་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་ནན་ཏན་བྱེད་པ། སྔར་བས་རྒྱ་ཁྱབ་དང་སྔར་བས་གང་ལེགས། སྔར་བས་འཐུས་ཚང་བཅས་ཡིན་པའི་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་ཇེ་མགྱོགས་གཏོང་བ་དང་སི་ཁྲོན་གྱི་ཕྱོགས་སོ་སོའི་ལས་དོན་ཁྲིམས་སྐྱོང་ཅན་དུ་གཏང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་དང་རང་བརྩོན། སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འོད་སྟོང་གསར་པའི་བཀོད་སྒྲིག་དང་བླང་བྱ་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིག་གནས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོར་བདེ་སྐྱིད་བསྐྲུན་རྒྱུ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་གཏང་རྒྱུའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་ཞུགས་དང་སྡོད་ཁང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དཀའ་ཉེན་དང་རེ་སྒུག་ཆེ་བའི་གནད་དོན་གཅིག་གྱུར་ཐོག་ཐག་གཅོད་ཡག་པོ་བྱེད་པ། ས་ཁུལ་བར་དང་གྲོང་ཁྱེར་དང་གྲོང་གསེབ་བར། བཟོ་ཞིང་བར་བཅས་ཀྱི་ཡོང་འབབ་ཀྱི་ཧེ་བག་རིམ་བཞིན་ཆུང་དུ་བཏང་ནས། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ནན་ཏན་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་རྒྱུན་མཐུད་དེ་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་ཐཱན་ཉུང་གི་རིགས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་ཤུགས་དེང་རབས་ཅན་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཆུ་ཚད་སྔར་བས་མཐོ་བའི་ཐོག་ནས་བདེ་འཇགས་སི་ཁྲོན་སྐྲུན་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པའི་བཀོད་སྒྲིག་དང་བླང་བྱ་སྐུལ་འདེད་གཏིང་ཟབ་གཏོང་བར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ནས་ཏང་གི་འཛུགས་སྐྲུན་ཁག་ལ་སྐུལ་འདེད་ནན་ཏན་གཏོང་བ་དང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལས་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་ནས། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་བྱ་གཞག་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།


ཝང་ཞའོ་ཧུའེ་ཡིས་མིག་སྔའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་གནང་། ཁོང་གིས་བསྟན་དོན། ལོ་ཧྲིལ་པོར་གཏན་འཁེལ་བྱས་པའི་དམིགས་འབེན་ལེགས་སྒྲུབ་བྱེད་པ་དང་། དུས་ཚིགས་བཞིའི་རྗེས་སུ་སྙེག་པའི་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ལ་དུས་ཚོད་ཐུང་བས། ངེས་པར་དུ་འབད་པའི་ངར་ཤུགས་དང་འཐབ་པའི་སྙིང་སྟོབས་ལ་བརྟེན་ནས་དུས་ཚིགས་བཞི་པོར་དམག་འཐབ་བྱེད་པ། མཐའ་གཅིག་ཏུ་དཔལ་འབྱོར་བརྟན་པོར་གཏོང་བ་དང་། འབད་བརྩོན་ཆེས་ཆེ་དང་གྲུབ་འབྲས་ཆེས་ཡག་ཤོས་བརྩོན་ལེན་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་ལེགས་སྐྱེས་མང་ཙམ་འབུལ་དགོས། ལོ་ཧྲིལ་པོའི་དཔལ་འབྱོར་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ནས་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་དགོས། ནུས་ཤུགས་ཡོད་རྒུས་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་སྟེ། དངོས་འཛིན་དངོས་སྒྲུབ་ཀྱིས་མྱུར་ཚད་བརྩོན་ལེན་དང་། མྱུར་ཚད་ཇེ་མགྱོགས་གཏོང་བ། ཚད་ལ་ནན་ཏན་བཅས་བྱས་ནས། དམིགས་ཚད་ལས་འགན་ལ་དམིགས་ཏེ་འགན་འཁྲི་འཁུར་མཁན་དང་ལེགས་སྒྲུབ་དུས་བཀག་རེ་རེ་བཞིན་ཁ་གསལ་བཟོ་བ། འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ཇེ་མགྱོགས་གཏོང་ནས། དངོས་ཡོད་ཀྱི་ལས་ཀའི་ཚད་གཞི་དེ་བས་མང་བ་ཞིག་ཆགས་པ་བྱེད་དགོས། ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། ཁེ་ལས་འབྲིང་བ་དང་ཆུང་བ། ཆེས་ཆུང་གྲས་དང་། སྒེར་གྱི་བཟོ་ཚོང་ཐེམ་དུད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་ཐོན་ཚད་བརྟན་འཕར་ཡོང་རྒྱུར་རོགས་རམ་བྱེད་པ། ཚོང་དང་མ་རྩ་འདྲེན་འགུགས་བྱེད་པའི་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་ཧུར་ཐག་དང་། སི་ཁྲོན་གྱི་གཙོ་གནད་ཁེ་ལས་ལ་མ་རྩ་འཕར་སྣོན་དང་ཐོན་ཚད་རྒྱ་སྐྱེད་གཏོང་བར་སྐུལ་འདེབས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་ཚོང་དོན་འཕར་བའི་རྣམ་པ་བརྟན་དུ་བཏང་ནས། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཡན་གྱི་སྐས་རིམ་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། ངེས་པར་དུ་སྟོན་འཇུག་འབྲུ་རིགས་ཐོན་ལེགས་ཡོང་བ་དང་། ལོ་ཧྲིལ་པོའི་ཕག་པ་བཤས་གཏོང་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས། རྨང་གཞིའི་ལས་དོན་དམ་འཛིན་ལེགས་པོ་དང་། བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བྱེད་པ། དགུན་དུས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་དུས་ཐོག་ཏུ་བཀོད་སྒྲིག་བྱེད་པ། “6·1”ལུའུ་ཧྲན་གྱི་ས་འགུལ་དང“6·10”འབར་ཁམས་ཀྱི་ས་འགུལ། “9·5”ལྕགས་ཟམ་རྫོང་གི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བཅས་ལ་གཅིག་གྱུར་འཆར་འགོད་སྐུལ་འདེད་གཏོང་བ། གཞི་ཁྱོན་ཆེ་བའི་རིམས་ནད་ལྡོག་འཕར་མི་ཡོང་བའི་གཞི་ཐིག་དམ་པོར་བསྲུང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་རྟག་ཏུ་དམ་པོར་འཛིན་པ་དང་། ཁྱབ་ཁོངས་སོ་སོའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། གེགས་འགོག་དང་གེགས་སེལ། གེགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཉེན་ཁ་འགོག་པ་དང་། མི་མངོན་པའི་རྐྱེན་ངན་སེལ་བ། བདེ་འཇགས་འགན་ལེན་བཅས་ནན་ཏན་བྱས་ཏེ། དཔལ་འབྱོར་དོན་གཉེར་དང་འཛུགས་སྐྲུན་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།


ཚོགས་ཆེན་དེ་བརྙན་འཕྲིན་དང་ཁ་པར་གྱི་ཚོགས་འདུའི་རྣམ་པའི་ཐོག་ནས་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཁག་ཏུ་འཚོགས་པ་རེད། ཞིང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི། ཞིང་ཆེན་ཁྲིམས་ཁང་གི་འགོ་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཁྲེང་ཏུའུ་རུ་ཡོད་པའི་ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས། ཞིང་ཆེན་ཐད་གཏོགས་སྡེ་ཚན(ཚན་པ)གྱི་འགན་ཁུར་བློ་མཐུན། ཁྲེང་ཏུའུ་རུ་ཡོད་པའི་ཀྲུང་དབྱང་གི་སི་ཁྲོན་བཅའ་སྡོད་ལས་ཁུངས་དང་། སི་ཁྲོན་དུ་ཡོད་པའི་ཁེ་ལས་དང་ལས་དོན་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁྲེང་ཏུའུ་རུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་ཚན་ཞིབ་སྡེ་ཁག་དང་། མཐོ་རིམ་སློབ་གྲྭ། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་རེད། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1