༄༅།། ཚན་ཞིབ་མི་སྣས་མདོ་དབུས་མཐོ་སྒང་གི་ཐཱན་ཏན་འཁོར་རྒྱུག་གི་འགྱུར་ལྡོག་གསལ་བར་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-03




         ཉེ་སྔོན། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཧོའེ་དང་མཉམ་ལས་པ་ཚོས་མདོ་དབུས་མཐོ་སྒང་གི་ཐཱན་ཏན་འཁོར་རྒྱུག་གི་འགྱུར་ལྡོག་དང་སྒུལ་བྱེད་རྐྱེན་སྲོལ་གསལ་བར་བྱས་ཏེ་རྩྭ་སའི་རྒྱུན་མཐུད་དོ་དམ་དང་སྐྱེ་ཁམས་ལས་གྲྭ། ལྗང་མདོག་ལག་རྩལ་འཕེལ་རྒྱས་བཅས་ཀྱིས་མདོ་དབུས་མཐོ་སྒང་གི་དྲོད་ལུམས་དབུགས་གཟུགས་ཕྱིར་གཏོང་ལ་ཚོད་འཛིན་དང་མདོ་དབུས་མཐོ་སྒང་གི་ཐཱན་བསྡུ་བྱེད་ནུས་ལ་ཕན་ཚུལ་བསྟན་ཡོད།

 

         རྒྱུས་ལོན་བྱུང་བར་གཞིགས་ན། མདོ་དབུས་མཐོ་སྒང་ནི་ཀྲུང་གོའི་ཐཱན་མཛོད་གལ་ཆེན་ཞིག་ཡིན་ཞིང་། 90%ཡན་གྱི་ཐཱན་ས་རྒྱུའི་ནང་དུ་གསོག་ཉར་བྱས་ཡོད། མིག་སྔར། མདོ་དབུས་མཐོ་སྒང་གི་ནམ་ཟླ་ཇེ་དྲོ་དང་ཇེ་བརླན་དུ་གྱུར་པ་ན། མཐོ་སྒང་གི་སྔོ་རིགས་སྐྱེ་བ་ལ་ཕན་པས། ཚད་ངེས་ཅན་ཞིག་གི་ཐོག་ནས་སྔོ་རིགས་ཀྱིས་ཐཱན་སྲ་གཏོང་གི་ནུས་པ་ཇེ་ཆེར་བཏང་ཡོད། ཉེ་བའི་ལོ20རིང་གི་མདོ་དབུས་མཐོ་སྒང་གི་ཐཱན་ཏན་འཁོར་རྒྱུག་གི་འདྲ་དཔེ་དང་ཚོད་ལྟ་ཞིབ་འཇུག་ལ་སྔར་ལས་ལྷག་པའི་བསམ་གཞིགས་དང་ལེགས་སྒྲིག་བྱས་པ་བརྒྱུད། ཚན་ཞིབ་མི་སྣས་མཇུག་མཐར་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་དང་རང་བྱུང་ཁོར་ཡུག རྫས་འགྱུར་བཅས་འཁོར་རྒྱུག་ནང་གི“སྟེམ་སྒོ”གལ་ཆེན་བཞི་སྟེ། རྩི་ཤིང་སྐྱེ་བའི་དྲོད་ཚད་བཀག་སྡོམ་དང་། སྐྱེ་ཁམས་མ་ལག་གི་ཏན་བཀག་སྡོམ། ས་རྒྱུའི་སྐྱེ་དངོས་ཕྲ་རབ་ཀྱི་ཐཱན་བཀག་སྡོམ། ཐན་པ་དང་ཐན་པ་ཕྱེད་མའི་སྐྱེ་ཁམས་མ་ལག་གི་ས་རྒྱུའི་ཆུའི་འདུས་ཚད་བཀག་སྡོམ་བཅས་ཤེས་རྟོགས་བྱུང་བ་རེད།

         དེའི་ནང་དུ། ནམ་ཟླ་ཇེ་དྲོར་གྱུར་པ་ཡིས་ཐད་ཀར་མདོ་དབུས་མཐོ་སྒང་གི་རྩི་ཤིང་སྐྱེ་བའི་དྲོད་ཚད་བཀག་སྡོམ་ཇེ་ལྷོད་དུ་བཏང་ནས་རྩི་ཤིང་སྐྱེ་བ་ལ་སྐུལ་འདེད་བྱས་ཡོད་པ་དང་། རྩི་ཤིང་སྐྱེ་བ་ཇེ་མང་དུ་སོང་ན། དེ་ཉིད་ནས་ས་འོག་ལ་འབབ་པའི་སྐྱེ་དངོས་ཚད་ཀྱང་ཇེ་མང་དུ་སོང་ཡོད་སྟབས། ཚད་ངེས་ཅན་ཞིག་གི་ཐོག་ནས་ས་རྒྱུའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་ཐཱན་བཀག་སྡོམ་ཇེ་ལྷོད་དུ་བཏང་ཡོད། གཞན་ས་རྒྱུའི་ཆུའི་འདུས་ཚད་ཀྱིས་བཀག་སྡོམ་བྱས་ཡོད་པའི་ཐན་པ་དང་ཐན་པ་ཕྱེད་མའི་སྐྱེ་ཁམས་མ་ལག་ལ་མཚོན་ན། ས་རྒྱུའི་ཆུའི་འདུས་ཚད་ཀྱི་འགྱུར་ལྡོག་རང་བཞིན་ཇེ་ཆེ་ལ་སོང་བ་ཡིས་ཕལ་ཆེར་ས་རྒྱུའི་ཆུའི་འདུས་ཚད་ཀྱིས་བཀག་སྡོམ་ཐེབས་ཚད་ཇེ་ལྷོད་དུ་བཏང་ཡོད་པ་དང་། དེ་ནས་སྐྱེ་ཁམས་མ་ལག་འདི་དག་གིས་སའི་གོ་ལ་ཡོངས་ཀྱི་འགྱུར་ལྡོག་དང་ལེན་གྱི་ཁ་ཕྱོགས་དང་དྲག་ཚད་ཐག་གཅོད་བྱས་ཡོད།

 

         དུས་མཚུངས་སུ། ནམ་ཟླའི་འགྱུར་ལྡོག་དང་མིའི་འགུལ་སྐྱོད་ཀྱིས་འཁྱགས་ཀླུང་དང་ཁེངས་ས་ཞུ་བར་བྱས་ཡོད། དྲོད་འཕེལ་ལད་མོའི་ཚོད་ལྟ་ལས་གསལ་བ་ལྟར་ན། ཞན་འགྱུར་དུ་སོང་མེད་པའི་ལོ་མང་ཁེངས་སའི་སྐྱེ་ཁམས་མ་ལག་ནང་གི་རྩི་ཤིང་གི་སྐྱེ་སྟོབས་ནི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་ཆེ་ཡིན་པ་དང་། ཞན་འགྱུར་དུ་སོང་བའི་ཁེངས་སའི་ནང་གི་རྩི་ཤིང་གི་སྐྱེ་སྟོབས་ནི་དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་ཆུང་ཡིན་པ། ཞན་འགྱུར་ཚབས་ཆེན་བྱུང་བའི་ཁེངས་སའི་ནང་གི་ཝན་ཀ་པ་དང་དབྱང་འགྱུར་ཕལ་ཏན་སོགས་དྲོད་ལུམས་རླངས་གཟུགས་ཕྱིར་གཏོང་བྱེད་པ་མངོན་གསལ་སྒོས་ཇེ་མང་ཡིན་པ་བཅས་ཀྱི་མི་ཚད། འཁྱགས་ཞུའི་ཤུགས་རྐྱེན་ཐེབས་པའི་ཆུ་གཟུགས་ཀྱི་དྲོད་ལུམས་རླངས་གཟུགས་ཕྱིར་གཏོང་བྱེད་ཚད་ཀྱང་ཇེ་ཆེ་ཡིན་པ་རེད།

 གཞན་ད་དུང་ཚད་རིམ་དམའ་བའམ་ཡང་ན་ཚད་རིམ་འབྲིང་ཙམ་གྱི་ཕྱུགས་ཟོག་འཚོ་སྐྱོང་བྱེད་པ་བརྒྱུད། རྩྭ་སའི་ས་ངོས་ཀྱི་སྐྱེ་དངོས་ཚད་ཇེ་ཉུང་དུ་བཏང་ཡོད་ནའང་། ཚད་ངེས་ཅན་ཞིག་གི་ཐོག་ནས་རྩྭ་སའི་ས་འོག་གི་སྐྱེ་དངོས་ཚད་ཇེ་མང་དུ་བཏང་ཡོད་ཅིང་། དུས་མཚུངས་སུ་རྩྭ་སའི་ཐོག་ལ་ཏན་རྒྱུ་འཛོམས་པའི་ཕྱུགས་ལུད་གཏོར་ཡོད་པས། རྩྭ་སའི་ས་རྒྱུའི་ནང་གི་ཐཱན་ཏན་གསོག་ཚད་རྒྱུན་འཁྱོངས་བྱེད་པ་ལ་ཕན་པ་ཡིན། ཚད་བརྒལ་ཕྱུགས་འཚོ་དང་ཚབས་ཆེའི་ཁེངས་ས་ཞུ་བ་ཡིས་ཕྱོགས་གཅིག་ནས་ས་རྒྱུ་ལ་བསླད་སྐྱོན་གཏོང་བ་དང་སྐྱེ་ལྡན་ཐཱན་གཏེར་འགྱུར་བྱུང་དུ་འཇུག་པ་དང་། ཕྱོགས་གཞན་ཞིག་ནས་རྩི་ཤིང་ཐཱན་གྱི་ནང་འདྲེན་ཇེ་ཉུང་ལ་བཏང་བ་ལས་མདོ་དབུས་མཐོ་སྒང་གི་ས་རྒྱུའི་ཐཱན་དང་ཏན་མང་བོ་ཤོར་དུ་བཅུག་ཡོད།

 

         མ་འོངས་པར། མུ་མཐུད་དུ་ནམ་ཟླ་ཇེ་དྲོ་དང་ཆར་ཆུའི་འབབ་ཚད་ཇེ་མང་དུ་འགྲོ་བའི་གནས་བབ་འོག མདོ་དབུས་མཐོ་སྒང་ནི་སྔར་ལས་ལྗང་མདོག་ལྡན་པ་དང་རྩི་ཤིང་སྐྱེ་ཚད་སྔར་ལས་མཐོ་བར་གྱུར་ནའང་། ཕྱུགས་འཚོ་བ་དང་ཁེངས་ས་ཞུ་བ། ལས་གྲྭ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྒྱུ་རྐྱེན་རབ་དང་རིམ་པ་ལས་བསྐྱེད་པའི་ཁེངས་ས་དང་རྩྭ་ས་ཞན་འགྱུར་ཚབས་ཆེན་བྱུང་བ་ཡིས་ཕྱོགས་གཅིག་ནས་ཐཱན་བསྡུ་བྱེད་ནུས་ཇེ་ཆུང་དུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཁེངས་སའི་ཐཱན་མཛོད་ཀྱི་དབྱེ་འབྱེད་ཀྱིས་དེ་ཉིད་ཡོད་པ་ནི་ཐཱན་བསྡུ་ནས་ཐཱན་ཁུངས་ཀྱི་ཉེན་ཁ་ལ་བསྒྱུར་བ་ཡིན།

     《རྒྱལ་ཡོངས་ཀྱི་གལ་ཆེའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཞིག་གསོའི་གཙོ་གནད་ལས་གྲྭ་ཡི་སྤྱིའི་འཆར་འགོད(2021ལོ་ནས2035ལོའི་བར)》ནང་གི“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོའི་གཙོ་གནད་ལས་གྲྭ”ལ་གཞིགས་ན། མདོ་དབུས་མཐོ་སྒང་གིས་མ་འོངས་པར་ཧུར་ཐག་ངང་ལུགས་མཐུན་གྱི་ཞིག་གསོ་དང་ཐཱན་ཕྱིར་གཏོང་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཏེ་རྒྱུན་མཐུད་ཀྱི་རྩྭ་སའི་དོ་དམ་དང་སྐྱེ་ཁམས་ལས་གྲྭ། ལྗང་མདོག་ལག་རྩལ་འཕེལ་རྒྱས་བཅས་སྤྱོད་རྒྱུ་ཡིན་ཞིང་། བྱེད་ཐབས་འདི་དག་གིས་མདོ་དབུས་མཐོ་སྒང་གི་དྲོད་ལུམས་དབུགས་གཟུགས་ཕྱིར་གཏོང་ལ་ཚོད་འཛིན་བྱེད་པ་དང་། མདོ་དབུས་མཐོ་སྒང་གི་ཐཱན་བསྡུ་རྒྱུན་འཁྱོངས་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཕན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1