ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་སྐྲུན་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-03


        ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཅུས་རྩད་ཞིབ་ཇུས་འགོད་ཁང་དང་པོ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་ཅུས་རྩད་ཞིབ་ཇུས་འགོད་ཁང་དང་པོ་ཚོགས་པ་ཚད་ཡོད་ཀུང་སིས་སྤྱི་ཡོངས་རྩད་ཞིབ་ཇུས་འགོད་བྱས་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་མཚོ་ཤར་བབས་ཚུགས་ནུབ་མ་ནས་ཧོང་ཧྲེང་ཀོན་བར་གྱི་ལམ་དུམ་སྐྲུན་འགོ་ཚུགས་པ་ལས་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དྲ་བའི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་ལན་ཀྲོའུ(ཟི་ལིང)ནས་ཀོང་ཏུང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ཧྲིལ་པོ་སྐྲུན་འགོ་ཚུགས་པ་མཚོན་ཡོད།

        ད་ཐེངས་ལས་འགོ་ཚུགས་པའི་མཚོ་ཤར་བབས་ཚུགས་ནུབ་མ་ནས་ཧོང་ཧྲེང་ཀོན་བར་གྱི་ལྕགས་ལམ་གྱི་རིང་ཚད་ལ་སྤྱི་ལེ་502.5ཡོད་པ་དང་ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་200ཡིན་པའི་ནང་། ལྷ་མོ་གསེར་ཁྲི་དགོན་ནས་ཧུང་ཡོན་བར་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་250ཡིན་པ་དང་། ཨར་སྐྲུན་དུས་ཡུན་ལོ་7.5ཡིན་པ། ལྕགས་ལམ་ཧྲིལ་པོའི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་80%ཟིན་ཡོད་པ་རེད།

        ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དེ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་བརྒྱུད་དགོས་ཤིང་། ཟི་ལིང་གི་ལྟེ་བའི་མཚོ་ཤར་བབས་ཚུགས་ནུབ་མ་ནས་ཐོན་ཏེ་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཅས་བརྒྱུད་རྗེས། ཧོང་ཧྲེང་ཀོན་བབས་ཚུགས་སུ་སྐྲུན་བཞིན་པའི་ཁྲེང་ཏུའུ་ནས་ལན་ཀྲོའི་བར་གྱི་ལྕགས་ལམ་དང་སྦྲེལ་མཐུད་ཀྱིས་ཁྲེང་ཏུའུ་ཡི་ལྟེ་གནས་ཕྱོགས་སུ་གཏོང་གི་ཡོད། ལྕགས་ལམ་ཧྲིལ་པོར་ཁྱོན་མེ་འཁོར་བབས་ཚུགས29བཀོད་སྒྲིག་བྱས་པའི་ནང་སྔར་ཡོད་ཀྱི་བབས་ཚུགས་4དང་གསར་དུ་བསྐྲུན་པའི་བབས་ཚུགས་25ཚུད་ཡོད་པ་རེད།

        ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཏོན་རུང་ཁྲེང་གིས། ལམ་རྒྱུད་དུ་གཤོང་ས་དང་། ས་མཐོ། ལུང་ཁུག རི་ཁུལ་བཅས་དང་། དེ་བཞིན་གས་སྲུབས་ས་རྒྱུད་ཆེ་གྲས་བཅུ་བརྒྱུད་དགོས་པ་དང་། 60%ཡི་ལྕགས་ལམ་ས་བབ་མཐོ་ཚད་སྨི་3000ཡན་དུ་གནས་པ་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་4དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1 རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་2བཅས་བརྒྱུད་དགོས་པས། ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ལ་སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་ཡང་ལྕི་པོ་ཡོད། དེར་བརྟེན། ཀྲུང་གོ་ལྕགས་ལམ་ཅུས་རྩད་ཞིབ་ཇུས་འགོད་ཁང་དང་པོས་ཕྱོགས་གཅིག་ནས་ཟམ་པ་བསྐྲུན་པ་དང་གཞི་གདན་གཏིང་རིང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ས་གཤིས་ངན་པ་དང་འདམ་རྫབ་སྒྲོལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཟམ་པ་བསྐྲུན་ཏེ་འགྲོ་ལམ་གྱི་ཚབ་བྱེད་པ་དང་སྔོ་ཁེབས་ལ་དུས་བཀག་ལྟར་བདག་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་བྱུང་སྲུང་སྐྱོང་ཁུལ་ལས་གཡོལ་ཐབས་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1