ལི་ཐང་གི་འབྲི་ཏ་ས་འཛིན་གྱིས་ཕྱུག་འགྱུར་བྲོ་བ་མྱོང་དུ་བཅུག།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-07


 

ཡུལ་མིས་དྲོད་ཁང་དུ་འབྲི་ཏ་ས་འཛིན་འཐུ་བཞིན་པའི་ཚུལ། 



         ཉེ་ཆར། མཚོ་འཕགས་སྨི4000ནས་ཐོན་པའི་ལི་ཐང་འབྲི་ཏ་ས་འཛིན་ཁྲེང་ཏུའུ་གྲོང་ཁྱེར་གྱི“བཟའ་བཅའ་གསར་པ་གོང་བདེ་མགྱོགས་སྐྱེལ་ཁང”དུ་བསྐྱལ་ནས་སླེབས། ལི་ཐང་འབྲི་ཏ་ས་འཛིན་འདི་རིགས་ནི་ཧ་ཅང་ཞིམ་པོ་ཡིན་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

        ད་ཆ། ལི་ཐང་རྫོང་ཚོ་གསུམ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་ས་ཞིང་མུའུ120ཡི་ནང་འབྲི་ཏ་ས་འཛིན་འཐུ་བའི་དུས་ཚིགས་ལ་སླེབས་ཡོད། ཁམས་འགག་གྲོང་སྡེའི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས་དྲོད་བསྡུཁང་ནང་གི་འབྲི་ཏ་ས་འཛིན་གྱི་སྐྱེ་ཚུལ་ནི་དགའ་འོས་པ་ཡིན་ཞིང་། སྐབས་དེར། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས30ལྷག་གིས་གླིང་ཁུལ་དུ་ལས་ཀ་བྱེད་བཞིན་པའི་རྣམ་པས་ཁེངས་ཡོད། ད་ལོ་ལོ་ན25ལ་སོན་པའི་ཚོ་གསུམ་ཡུལ་ཤོག་ལྷ་མགོ་གྲོང་སྡེའི་ཡུལ་མི་སྐལ་བཟང་སྒྲོལ་མས་སྔོན་ཆད་ང་ཚོས་ནས་དང་ཞོག་ཁོག་འདེབས་པའི་དུས་ཚོད་ཕུད། དེ་མིན་གྱི་དུས་ཚོད་མང་ཆེ་བའི་ནང་གནས་སྐབས་གླ་པ་བྱེད་པར་འགྲོ་གི་ཡོད་མོད།ཡོང་འབབ་བརྟན་པོ་མེད་པས།ལོ་གཅིག་ནང་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་མ་གཏོགས་རག་ལེ་མ་རེད་ཅེས་བཤད།

        འབྲི་ཏ་ས་འཛིན་སྤྱིར་བཏང་དུ་དགུན་ཟླ11པར་ཁྲོམ་རར་འདོན་གྱི་ཡོད། ལི་ཐང་རྫོང་དུ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས་ཉི་འོད་འདང་ངེས་ཡོད།དམིགས་བསལ་གྱི་ས་ཁམས་གནམ་གཤིས་ཐོན་ཁུངས་ལ་རང་བྱུང་འབྲི་ཏ་ས་འཛིན་འདེབས་རྒྱུར་འཚམ་པོ་ཡོད་པར་མ་ཟད།ཁྲོམ་རའི་ཐོག་དགོས་མཁོ་ཆེན་པོ་ཡོད། 2019ལོ་ནས་བཟུང་ལི་ཐང་རྫོང་ཚོ་གསུམ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱིས་འབྲི་ཏ་ས་འཛིན་འདྲ་མིན་འདེབས་འཛུགས་ཚོད་ལྟ་བྱེད་འགོ་བཙུགས་པ་དང་།ད་ཆ་དྲོད་བསྡུ་ཁང་ནང་བཏབ་པའི“དམར་མདངས་ལྡན་པ”དང“རྩེ་གྲའི་ཨང་ཆེན”ནི་རིམ་པ་བཞིན་ལེགས་འདེམས་བྱས་རྗེས་ཉར་ཚགས་བྱས་པའི་སོན་བཟང་ཡིན་ཞིང་།སྤྱིར་བཏང་དྲོད་བསྡུ་ཁང་ནང་བཏབ་པའི་འབྲི་ཏ་ས་འཛིན་ལས་བྲོ་བ་ཞིམ་པོ་ཡོད་པ་རེད།

        ལི་ཐང་རྫོང་ཁོ་ལི་ཐའེ་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་ཐོན་སྐྱེད་ལག་རྩལ་འགན་འཁུར་བ་ལི་ཀྲོང་ཡེ་ཡིས་ཐང་གཤོངས་ས་ཁུལ་གྱི་འབྲི་ཏ་ས་འཛིན་ལ་སྤྱིར་ན་ཟླ་ལྔ་ཙམ་གྱི་འཐུ་ཡུན་ཡོད་ཅིང་།ལི་ཐང་གིས་བཏབ་པའི་འབྲི་ཏ་ས་འཛིན་ལོ་ཧྲིལ་པོར་ཐོན་སྐྱེད་དང་འཐུ་ཡུན་ཡོད་པ་རེད།མངར་ཆའི་འདུས་ཚད་ཏུའུ15ཙམ་ལ་ཟིན་གྱི་ཡོད་པས་འབྲི་ཏ་ས་འཛིན་གཞན་ལས་བྲོ་བ་ཞིམ་པོའི་ཁྱད་ཆོས་ལྡན། དེ་དང་ཆབས་ཅིག་མཉམ་ལས་རོགས་ཟླས་ད་དུང་ཁྲེང་ཏུའུ་རུ་འབྲི་ཏ་ས་འཛིན་དབྱེ་འབྱེད་འདེམས་སྒྲུག་གི་མཛོད་ཆེན་པོ་བཙུགས་པས་འབྲི་ཏ་ས་འཛིན་གྱི་སྐྱེལ་འདྲེན་འབྲེལ་ཐག་སྔར་བས་ལེགས་སུ་ཕྱིན་ནས་སྤུས་ཚད་དེ་བས་ལེགས་སུ་ཕྱིན་པར་མ་ཟད།ཟོག་ཁུངས་ཀྱང་དེ་བས་བརྟན་དུ་ཕྱིན་ནས་ལོ་ཧྲིལ་པོར་མཁོ་སྤྲོད་བྱེད་པའི་གོ་སྐབས་ཐོབ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

        “བཟའ་བཅའ་གསར་པ་གོང་བདེ་མགྱོགས་སྐྱེལ་ཁང”གི་སིལ་ཏོག་ཉོ་སྒྲུབ་པ་ཞིན་ཅེ་ཡིས་ས་བབ་མཐོ་བའི་ས་ཁུལ་དུ་དྲོད་ཚད་ཀྱི་ཧེ་བག་ཆེ་བ་དང་འོད་ཤུགས་ཆེ་བས་སྐྱེ་དངོས་ཀྱི་མངར་ཆའི་རིགས་བསྡུ་ལེན་བྱ་རྒྱུར་ཕན་ཐོགས་ཡོད།དེ་གའི་འབྲི་ཏ་ས་འཛིན་དེ་བས་ལེགས་པ་དང་དེའི་ཁར་ཞིང་སྨན་མི་རྒྱག་པས་བྲོ་བ་དམིགས་བསལ་ལྡན་པ་ཞིག་ཐོན་པ་རེད་ཅེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན།ན་ནིང་ལི་ཐང་གི་མཐོ་སྒང་གི་འབྲི་ཏ་ས་འཛིན་བཏོན་མ་ཐག་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་དང་།ད་ལོ་ཚོ་གསུམ་དེང་རབས་ཞིང་ལས་ཐོན་ལས་གླིང་ཁུལ་གྱི་འབྲི་ཏ་ས་འཛིན་འདེབས་འཛུགས་རྟེན་གཞིར་སྔར་བས་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་བར་མ་ཟད།ཞི་ཁྲང་འབྲི་ཏ་ས་འཛིན་རྟེན་གཞིའི་ཆེད་ལས་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་ནས་ཞིབ་ཚགས་ཅན་དང་གྲངས་གཞི་ཅན་གྱི་དོ་དམ་ཚོད་འཛིན་བྱས་པས་མུའུ་རེའི་ཐོན་ཚད་ལྡབ་གཅིག་འཕར་ཡོད། ད་ཆ་དྲོད་བསྡུ་ཁང་ཆེན་པོ38ནས་ཉིན་རེར་འབྲི་ཏ་ས་འཛིན་སྤྱི་རྒྱ500ཙམ་ཐོན་གྱི་ཡོད་པ་དང་ཉིན་དེར་གྲང་འབྲེལ་ཟོག་འགྲེམས་བྱས་པར་བརྒྱུད་པེ་ཅིང་དང་ཀོང་ཞི།ཧྲེན་ཀྲེན་སོགས་གྲོང་ཁྱེར་ཆེན་པོར་འདྲེན་ནས་ཆུ་ཚོད24ཡི་ནང་འཛད་སྤྱོད་པའི་ལག་ཏུ་འབྱོར་ཐུབ་པ་རེད།སྔོན་དཔག་བྱས་ན་ད་ལོ་འབྲི་ཏ་ས་འཛིན་གྱི་ལོ་འཁོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི1000ལ་ཟིན་རྒྱུ་རེད།

        འབྲི་ཏ་ས་འཛིན་དཀྱུས་མ་སྐྱེ་འཚར་གྱི་དུས་འཁོར་དང་མི་འདྲ་བར་ལོ་ཕྱེད་ཙམ་གྱི་རིང་རྒྱལ་ཡོངས་ཀྱི་ཁྲོམ་རའི་ཐོག་ཐོན་རྫས་གསར་པ་སྤྱིར་ན་མེད་པ་དང་ལི་ཐང་གི་མཐོ་སྒང་འབྲི་ཏ་ས་འཛིན་མངགས་ཉོ་བྱེད་མཁན་ཚོང་གཉེར་དུད་ཚང་རྒྱུན་ཆད་རྒྱུ་མེད་པ་རེད།རྟེན་གཞིའི་གཞི་ཁྱོན་དང་ལས་སྒྲུབ་མི་སྣ་བཀོལ་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་བསྟུན་ནས་མིག་སྔར་རྟེན་གཞི་དེའི་ནང་ཉིན་ལྟར་ལས་སྒྲུབ་མི་སྣ30ཙམ་བཀོལ་སྤྱོད་བྱེད་ཀྱི་ཡོད།

        ཁྱིམ་གྱི་ཉེ་འཁོར་དུ་གླ་པ་འགྲོ་བཞིན་པའི་སྐལ་བཟང་སྒྲོལ་མས“འདིར་གླ་པར་ཡོང་བ་ནས་བཟུང་ང་ཚོའི་ཡོང་འབབ་ཧ་ཅང་བརྟན་པོ་རེད། ཟླ་རེར་གླ་ཆ་སྒོར3000ལྷག་ཙམ་རག་བཞིན་ཡོད། ད་ཆ་གང་ཅིའི་ཐད་འཚོ་བ་ཧ་ཅང་ཡག་པོ་འདུག”ཅེས་བཤད།

        ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཟླ་བཅུ་པའི་རྗེས་ལི་ཐང་གི་འབྲི་ཏ་ས་འཛིན་སི་ཁྲོན་ནས་ཁྲུང་ཆིང་དང་ཧྲེན་ཀྲེན།ཀོང་ཀྲོའུ་སོགས་གྲོང་ཁྱེར་གྱི“བཟའ་བཅའ་གསར་པ་གོང་བདེ་མགྱོགས་སྐྱེལ་ཁང”དུ་བསྐྱལ་བ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1