སྟོན་མཇུག་སླེབས་པ་དང་བསྟུན། བོད་ལྗོངས་ཀྱི་ས་ཆ་མང་ཤོས་སུ་ཁ་བ་བབས། ཡིན་ཡང་སྨན་གླིང་རྫོང་དུ་ད་དུང“གངས་ལྗོངས་འབྲི་ཆུའི་ལྷོ་རྒྱུད”ཀྱི་རྣམ་པ་ཤར་ནས་ས་བབ་ཤིན་ཏུ་དམའ་བའི་ས་ཁུལ་དུ་རབ་ཏུ་བཞད་པའི་མེ་ཏོག་མཐོང་ཐུབ་ལ། ས་བབ་ཅུང་མཐོ་བའི་ས་ཁུལ་དུ་ཡང་སྟོན་ཁའི་ཡུལ་ལྗོངས་ཤར་ནས་ནགས་ཚལ་སྟུག་པོར་གསེར་མདོག་གིས་ཁེབས་ཤིང་། རིམ་བཞིན་དུས་ཚིགས་བརྗེ་བའི་རྣམ་པ་མངོན་ཡོད། ས་བབ་མཐོ་སའི་རི་རྩེ་རུ་ཁ་བ་བབས་ནས་དཀར་མདོག་གི་ཞྭ་མོ་གྱོན་པ་དང་འདྲ་ཞིང་། དེ་ནི་མཐོ་སྒང་གི་རྣམ་པ་ཡིན་ཏེ། དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་པོ་དུས་ཚིགས་འདིར་ཅི་དགར་མཐོང་ཐུབ།
སྨན་གླིང་གི་སྟོན་ལྗོངས།
ཞིང་འབྲོག་མང་ཚོགས་ལ་མཚོན་ན། ལོ་ལེགས་བྱུང་བ་ནི་སྟོན་ཁས་ཞིང་བ་རྣམས་ལ་ཕུལ་བའི་ཆེས་བཟང་བའི་ལེགས་སྐྱེས་ཡིན་ལ། ལོ་ལེགས་བྱུང་ཚེ་ཞིང་བ་ཚོའི་ཡོང་འབབ་འཕར་ཞིང་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འགྱུར། ཉེ་ཆར། སྨན་གླིང་རྫོང་ཆབ་ནག་ཤང་གི་ཀུ་ཤུ་གླིང་དུ་ཤིང་ཏོག་འཐོག་པའི་དུས་ཚིགས་བསུས་པ་རེད།
ཀུ་ཤུའི་རྟེན་གཞི།
ཤིང་ཏོག་གླིང་དུ་བསྐྱོད་ཚེ། སྔོན་ཆད་ཁོད་མི་སྙོམས་པའི་ཞིང་ནང་དུ་ད་ལྟ་གྲལ་སྒྲིག་པའི་ཤིང་ཏོག་སྡོང་བོས་ཁེངས་ཡོད་ལ། ཀུ་ཤུ་སྡོང་བོའི་ཡལ་ག་སྟེང་གི་ཀུ་ཤུའི་སྐྱེས་ཚུལ་ལེགས་ཤིང་ཁ་མདོག་སྣ་ཚོགས་མངོན་ཡོད། ཤིང་ཏོག་འདེབས་འཛུགས་བྱེད་པའི་ཞིང་བ་རྣམས་ཀྱིས་ཀུ་ཤུ་བསྡུ་བའི་དུས་ཚིགས་བསུས་ཏེ། ཤིང་ཏོག་རྟེན་གཞི་ནང་དུ་རང་གི་ལས་ལ་བྲེལ་བཞིན་ཡོད། ཞིང་བ་ལ་ལས་ཡུར་མ་ཡུར་བཞིན་པ་དང་། ལ་ལས་ཤིང་ཏོག་བསྡུ་བཞིན་ཡོད། ལ་ལས་འགོག་སྲུང་འཛུགས་བཞིན་ཡོད།
ཀུ་ཤུ་གསེད་བདམས་བྱེད་བཞིན་པ།
ཉིང་ཁྲི་ཧྲིན་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣ་ཚེ་རིང་བདེ་སྐྱིད་ཀྱིས“ཀུ་ཤུ་རྟེན་གཞི་རུ་ལས་ཀ་བྱས་ནས་ལོ་དྲུག་འགོར་སོང་། འདི་ནས་ལས་ཀ་བྱས་ན་ཤིན་ཏུ་སྟབས་བདེ་ཡིན་ལ། རང་གི་ཁྱིམ་དང་ཐག་ཉེ་པ་མ་ཟད་གླ་ཕོགས་ཀྱང་མཐོ་བས། ཆེས་ཉུང་ཡང་ཉིན་རེར་སྒོར་བཞི་བརྒྱ་ནས་ལྔ་བརྒྱའི་ཡོང་འབབ་ཡོད་ལ། འཚོ་བ་ཡང་སྔོན་ཆད་དང་བསྡུར་ན་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཟེར།
ཀུ་ཤུ་གསེད་བདམས་བྱེད་བཞིན་པ།
ཉེ་བའི་ལོ་འགའི་རིང་། སྨན་གླིང་གིས་མཐོ་སྒང་གི་སྐྱེ་ཁམས་གནམ་གཤིས་ཁྱད་ཆོས་ལ་དམིགས་ནས། ཀུ་ཤུའི“རིགས་གསར་བ་དང་། ལག་རྩལ་གསར་བ། རྣམ་པ་གསར་བ། ཞིང་ལས་ལག་རྩལ་གསར་བ”བཅས་ཀྱི་ཞིབ་འཇུག་དང་དར་སྤེལ། དངོས་སྤྱོད་ཁྱབ་གདལ་དུ་བཏང་བས་ཤིང་ཏོག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱས་ཡོད། ཀུ་ཤུ་གླིང་གཉེར་སྐྱོང་དོ་དམ་བྱེད་མཁན་ཉིང་ཁྲི་ཧྲིན་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་ཡིས“ཐོན་ལས་འཛིན་པ་དང་། སྒྲིག་གཞི་སྒྱུར་བ། འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་གཙོ་བོར་བཟུང་ཞིང་སྤུས་ཚད་ཇེ་ལེགས་དང་ཕན་འབྲས་འཕར་བ་དེ་གཞི་འཛུགས་སར་བྱས་ནས། མང་ཚོགས་ཀྱིས་གནས་བབ་དང་བསྟུན་ནས་ནགས་ལས་དང་ཤིང་ཏོག་ལས་རིགས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱས། མིག་སྔའི་བར་མི་ཐེངས་ཁྲི1200ལ་དུས་ཐུང་གི་ཞོར་ལས་མཁོ་འདོན་བྱས་པ་དང་། ཞོར་ལས་ཡོང་འབབ་སྒོར་ཁྲི200ཟིན་ཡོད། ཤིང་ཏོག་བསྡུ་བའི་དུས་སུ་ལོ་རེར་ཞོར་ལས་ལས་གནས་མི་ཐེངས4500མཁོ་འདོན་བྱས་ནས་ ཞོར་ལས་ཡོང་འབབ་སྒོར་ཁྲི100ཟིན་ཡོད།
ལོ་ལེགས་བྱུང་བའི་ཀུ་ཤུ།
“ད་ལོའི་ཀུ་ཤུ་བཏོག་པའི་དུས་ལ་སླེབས་པ་དང་། རྒྱ་ཁྱོན་མུའུ1800ཟིན་ལ། འབྲས་བུ་སྨིན་པའི་ཀུ་ཤུ་མུའུ700ལྷག་ཡོད་ལ། སྤྱིའི་ཐོན་ཚད་ཏུན700ཟིན་ཡོད། ད་ལྟ་ལས་བཟོ་པ40ལྷག་གླས་ནས་ཐིམ་སྒྲིལ་དང་གསེད་བདམས། འཐོག་བསྡུ་བཅས་བྱེད་བཞིན་ཡོད་ལ། ཚང་མ་ས་གནས་ཀྱི་ཞིང་བ་ཡིན”ཞེས་བོད་ལྗོངས་ཉིང་ཁྲི་ཧྲིན་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་རྟེན་གཞི་འགན་ཁུར་མི་སྣ་དབྱང་ཁའེ་ཧྭ་ཡིས་བཤད་རྒྱུར“ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པས་མང་ཚོགས་ཀྱིས་ཕྱུག་འགྱུར་འབབ་འཕར་གྱི་རེ་བ་གསར་བ་མཐོང་བས། གྲོང་གསེབ་དར་སྤེལ་ཐད་རྨང་གཞི་བརྟན་པོ་བཙུགས་པ་དང་། ཤིང་ཏོག་འདེབས་འཛུགས་བྱེད་པའི་ཞིང་བ་ཚོའི་འཚོ་བ་ཡང་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད”ཅེས་བཤད། །