བོད་ལྗོངས་ཀྱིས་སྒོར་དུང་ཕྱུར་363ཟིན་པའི་གན་རྒྱ་བཞག་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-09



        སྤྱི་ཚེས་6ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་བདེ་བླག་ངང་གཉེར་བ་རེད། ཚོགས་འདུའི་ཐོག ཧྲང་ཧའེ་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་ཁེ་ལས་60ཙམ་ཞུགས་པ་དང་། ས་གནས་ས་ཐོག་ཏུ་རྣམ་གྲངས་16ལ་གན་རྒྱ་བཞག་པ། འདོད་མཐུན་མ་འཇོག་སྒོར་དུང་ཕྱུར་363ཟིན་ཡོད་པ་རེད།

        ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་ནས། བོད་རང་སྐྱོང་ལྗོངས་ཀྱིས་བཏོན་པའི“འདུ་ཤེས་གསར་བརྗེ་དང་གཙོ་གནད་འབུར་ཐོན། ཞབས་ཞུར་ཤུགས་སྣོན། བྱ་ཐབས་གསར་གཏོད”བཅས་ལ་དམ་པོར་དམིགས་ཏེ། ཚོང་འགུགས་ཐབས་ཇུས་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱས་ཐོག རྣམ་གྲངས་འོས་སྦྱོར་དང་། ངོ་འཕྲད་གྲོས་མོལ་དང་གན་རྒྱ་འཇོག་པ། ཉར་དངོས་འགྲེམས་ཚོང་། སློབ་སྦྱོང་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་ཐོག་ནས་བོད་ཀྱི་ས་བབ་ལེགས་ཆ་དང་། ཐོན་ཁུངས་བཟང་ཆ། ཁྱད་ལྡན་ཐོན་ལས། ཚོང་འགུགས་མ་འདྲེན་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པའི་ལོ་བཅུའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཡོད་ཅིང་། དེས་བོད་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རམ་འདེགས་ནུས་ལྡན་ཐུབ་རྒྱུ་རེད།

        འོས་སྦྱོར་ཚོགས་འདུའི་ཐོག ཧྲང་ཧའེ་ཧྲ་ཅོན་གྱོན་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་གཞིས་རྩེ་དཔལ་འབྱོར་གསར་སྤེལ་ཁུལ་དབར་མ་འཇོག་སྒོར་དུང་ཕྱུར་1.8ཟིན་པའི་གཞིས་རྩེ་ཧྲ་ཅོན་ལག་ཤེས་བཟོ་རྩལ་ཁང་གི་རྣམ་གྲངས་ལ་གན་རྒྱ་བཞག་པ་རེད། ཀུང་སིའི་རྩེར་སོན་གྱི་ཁུ་ལུའི་སྤུས་རྟགས་Sandriverཧྲ་ཅོན་ར་ཁུ་གཏོད་མཁན་ཀུའོ་ཤིའུ་ལིང་གིས་གཞིས་རྩེའི་ལག་ཤེས་བཟོ་རྩལ་ཁང་བསྐྲུན་རྗེས་ས་གནས་དེ་གའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་འཁེལ་བའི་ནོར་གྱི་ཁུ་ལུ་དང་ར་ཡི་ཁུ་ལུ་སོགས་ཀྱི་ཐོན་རྫས་རྒྱལ་སྤྱིའི་ཐོག་ཁྱབ་གདལ་བཏང་སྟེ་གཞིས་རྩེར་གཏོགས་པའི་རྒྱལ་སྤྱིའི་རྩེར་སོན་སྤུས་རྟགས་གཏོད་ཐུབ་པ་དང་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་སྔར་བས་མངོན་རྒྱུའི་རེ་འགུག་བྱེད་ཀྱི་ཡོད་པ་རེད།

        གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་རང་ལྗོངས་ཀྱི་རིམ་ཁག་ཚོང་འགུགས་མ་འདྲེན་སྡེ་ཚན་གྱིས་འབྲེལ་ཡོད་ཕྱོགས་དང་མཉམ་དུ“བརྒྱུད་རིམ་ཧྲིལ་པོར་ལས་ཚབ་དང་ཆེད་ལས་འཛིན་གྲྭའི་ཞབས་ཞུའི”ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། གན་འཇོག་རྣམ་གྲངས་དོན་འཁྱོལ་དང་མ་འཇོག་ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱ་རྒྱུ་རེད། དེ་དང་ཆབས་ཅིག ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་ཚོང་འགུགས་ཐབས་ལམ་རྒྱ་ཆེར་བཏང་ནས། བོད་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱིས་བོད་དུ་མ་འཇོག་ལས་གཏོད་བྱ་རྒྱུར་དེ་བས་མང་ལ་ལེགས་པའི་ཆ་རྐྱེན་བཏོད་དེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཧུར་ཐག་བརྩམ་རྒྱུ་ཡིན་པ་རེད།







དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1