ཚེས་8ཉིན། ཐུར་ཁེ་རུ་འཚམས་འདྲི་བྱེད་བཞིན་པའི་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་གིས། སུའེ་ཏེན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་བྱེད་ཐབས་གལ་ཆེན་སྤྱད་དེ། ཐུར་ཁེ་ཡིས་བཏོན་པའི་སུའེ་ཏེན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཆོག་མཆན་འགོད་པའི་ཆ་རྐྱེན་ཡོད་ཚད་སྐོང་རྒྱུ་ཡིན་ཞེས་བཤད་པ་རེད།
ཁེ་ལི་སི་ཐེ་སུང་གིས་ཉིན་དེར་ཨན་ཁ་ལར་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་དང་སྒོ་བརྒྱབ་ནས་གྲོས་མོལ་བྱས་པ་རེད། ཁེ་ལི་སི་ཐེ་སུང་གིས་གྲོས་མོལ་བྱས་རྗེས་ཚོགས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་ཁོང་དང་ཨེར་ཏུའོ་ཨན་བར་དགེ་མཚན་ལྡན་པའི་གྲོས་མོལ་ཐེངས་གཅིག་བྱས་ཡོད་བཤད། སུའེ་ཏེན་གྱིས་ད་ལོའི་ཟླ་6པའི་ཟླ་མཇུག་ཏུ་སི་ཕེན་གྱི་མ་ཏེ་ལི་རུ་མིང་རྟགས་བཀོད་པའི་ཕྱོགས་གསུམ་གྱི་དྲན་ཐོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་མ་ཟད། ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོར་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛུགས་ཁྱབ་ཁོངས་སུ་བྱེད་ཐབས་གལ་ཆེན་སྤྱོད་རྒྱུ་ཡིན། སུའེ་ཏེན་གྱིས་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་རྩ་འཛུགས་འཇིགས་སྐུལ་རྩ་འཛུགས་ཀྱི་མིང་ཐོའི་ནང་དུ་བཅུག་པ་དང་། སུའེ་ཏེན་སྲིད་གཞུང་གསར་པས་ཐུར་ཁེ་ཡིས་རྩ་འཛུགས་འདི་དག་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བཤད།
ཨེར་ཏུའོ་ཨན་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག་ཐུར་ཁེ་ཡིས་སུའེ་ཏེན་སྲིད་གཞུང་གསར་པར་ཕྱོགས་གསུམ་པོའི་དྲན་ཐོ་ལག་བསྟར་བྱེད་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། དྲན་ཐོའི་ནང་གི་ཆ་རྐྱེན་ཁག་ཕྱོགས་ཡོངས་ནས་སྐོང་རྗེས་སུ་སུའེ་ཏེན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་མི་གསར་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད་བྱུང་ཟེར་བ་རེད།
སུའེ་ཏེན་དང་ཧྥིན་ལན་གྱིས་ད་ལོའི་ཟླ་5བར་བྱང་ཆིངས་སུ་ཞུགས་རྒྱུར་རེ་ཞུ་བྱས་མོད། འོན་ཀྱང་ཐུར་ཁེའི་ངོ་རྒོལ་ཐེབས། གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་ཐུར་ཁེ་དང་། སུའེ་ཏེན། ཧྥིན་ལན་བཅས་ཀྱིས་ཟླ་6པའི་ཟླ་མཇུག་ཏུ་དྲན་ཐོར་མིང་རྟགས་བཀོད་དེ་ཐུར་ཁེ་ཡིས་སུའེ་ཏེན་དང་ཧྥིན་ལན་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། སུའེ་ཏེན་དང་ཧྥིན་ལན་གྱིས་ཁུའུ་ཨེར་ཏེ་བཟོ་པའི་ཏང་དང་། སི་རི་ཡའི་ཁུའུ་ཨེར་ཏེ་དྲག་ཆས་སྤྲས་པའི“མི་དམངས་སྲུང་སྐྱོང་དམག་དཔུང”དང“ཅུས་ལུན་ལས་འགུལ”ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། ཐུར་ཁེ་ལ་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་ཚོད་འཛིན་མེད་པར་བཟོ་རྒྱུར་མོས་མཐུན་བྱས་པ་གཏན་ཁེལ་བ་རེད།
སྒྲིག་སྲོལ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཁོངས་ཞུགས་རྒྱལ་ཁབ་30ཡིས་མགྲིན་གཅིག་ཏུ་མོས་མཐུན་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་ཁོངས་ཞུགས་རྒྱལ་ཁབ་གསར་པ་བསྡུ་ལེན་བྱེད་ཐུབ། མིག་སྔར། ཐུར་ཁེ་དང་ཧང་ག་རིས་སུའེ་ཏེན་དང་ཧྥིན་ལན་བྱང་ཆིངས་སུ་ཞུགས་པར་དངོས་སུ་ཆོག་མཆན་བཀོད་མེད།