ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 11-14


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་གཏོང་གི་བྱ་ཐབས་དོན་ཚན་ཉི་ཤུ་ཞིབ་འཇུག་བཀོད་སྒྲིག་གནང་བ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་10ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་། སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ལེགས་གཏོང་གི་བྱ་ཐབས་དོན་ཚན་ཉི་ཤུ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་ཏོག་དབྱིབས་ནད་དུག་གསར་པ་སྔར་བཞིན་མུ་མཐུད་ངོ་འགྱུར་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་པའི་རྣམ་པ་མངོན་པ། རྒྱལ་ནང་དུ་རིམས་ནད་ཡང་ཡང་ཐོན་པ་བཅས་རེད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཅིག་ཡིན་པས། ཉམས་ཞན་མི་ཚོགས་ཀྱི་གྲངས་འབོར་མང་པོ་ཡོད་པ་དང་། ས་ཁུལ་འཕེལ་རྒྱས་དོ་སྙོམས་མེད་པ། སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མི་འདང་བ། ས་ཁུལ་ཁ་ཤས་ཀྱི་རིམས་ནད་ད་དུང་གཞི་ཁྱོན་ངེས་ཅན་ལྡན་པ་བཅས་ཀྱི་གནས་ཚུལ་ཡོད། ནད་དུག་གི་ངོ་བོ་འགྱུར་བ་དང་དགུན་དཔྱིད་དུས་ཀྱི་གནམ་གཤིས་རྐྱེན་པས་རིམས་ནད་འགོས་པའི་ཁྱབ་ཁོངས་དང་གཞི་ཁྱོན་སྔར་བས་ཆེ་རུ་འགྲོ་སྲིད་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད། དེར་བརྟེན་ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་པོས་ཡག་པོ་བསྒྲུབ་དགོས།

        ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆ་ཚང་བ་དང་། འཕྱུག་མེད། ཁྱོན་ཡོངས་བཅས་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བཅས་བྱས་ནས། ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། གོང་འཕེལ་བདེ་འཇགས་ལྡན་པ་བཅས་ཀྱི་བླང་བྱ་ལྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་གང་ཐུབ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས།

        ཚོགས་འདུའི་ཐོག་བསྟན་དོན། ནད་དུག་མཆེད་མགྱོགས་པའི་ཁྱད་ཆོས་ལ་བསྟུན་ནས“སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ། མྱུར་ལ་མྱུར་གྱིས་བཅོས་པར་བརྟེན་ནས་འཐབ་རྒྱ་ཆེ་རུ་མི་འགྲོ་བ་དང་དུས་ཚོད་མི་འགྱངས་བ་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་ས་ཁུལ་གྱི་རིམས་ནད་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་པ་དང་དེ་བས་སེམས་ཐག་ཆོད་པ་དང་འཕྲལ་ཐག་ཆོད་པའི་བྱ་ཐབས་སྤྱད་དེ་འགག་སྒྲོལ་བྱས་ནས། རིམས་ནད་ཁྱབ་ཚུལ་གང་མགྱོགས་གཏན་འགོག་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས་པ་ལས། གཞན་སྒུག་བབ་ལྟ་དང་རང་སྣང་གང་འདོད་གཏན་ནས་བྱེད་མི་ཆོག ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་པོས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། རིམས་འགོག་ལས་དོན་གྱི་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། རིམས་ནད་ཀྱི་ཉེན་ཁར་དབྱེ་ཞིབ་གནད་འཁེལ་བྱེད་པ། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ཏེ། ལོགས་བཀར་བརྒྱུད་འདྲེན་དང་། ཉིང་སྐྱུར་བརྟག་དཔྱད། མི་སྣ་འགྲོ་སྐྱོད། སྨན་བཅོས་ཞབས་ཞུ། རིམས་འགོག་སྨན་ཁབ་རྒྱག་པ། ཁེ་ལས་དང་སློབ་གྲྭར་ཞབས་ཞུ་འགན་ལེན་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་སོར་ལུས་མི་སྣ་རང་ཡུལ་དུ་བརྒྱུད་འདྲེན་བྱེད་པ་སོགས་ཐད་དེ་བས་གནད་འཁེལ་གྱི་བྱ་ཐབས་སྤྱོད་དགོས། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རིམས་འགོག་སྨན་ཁབ་དང་སྨན་རྫས་ཀྱི་ཕན་ནུས་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་དགོས། རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་སྟེ། དགོས་ངེས་ཀྱི་རིམས་འགོག་བྱ་ཐབས་ལྷོད་གཡེང་གཏོང་མི་རུང་བ་དང་། འགན་མི་འཁུར་བའི་རྣམ་འགྱུར་ལ་ངོ་རྒོལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་བསད་བྱེད་པ། “འཁྲི་འགན་རིམ་སྣོན”དང“གཅིག་དཔེ་བརྒྱ་འགེབས”སོགས་ཀྱི་བྱེད་སྟངས་ཡོ་བསྲང་བཅས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཞབས་ཞུ་འགན་ལེན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། རིམས་ནད་ཐག་གཅོད་བྱེད་རིང་གི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ཏན་ཏིག་སྐོང་བ། ནད་བཅོས་སྨན་བསྟེན་སོགས་ཀྱི་གཞི་རྩའི་དམངས་འཚོའི་ཞབས་ཞུ་འགན་ལེན་བྱེད་པ། རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་དམིགས་བསལ་ཚོགས་སྤྱིར་སེམས་ཁུར་དང་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཡག་པོ་བཅས་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་ལས་ཀའི་སྒྲིག་ལམ་སྲུང་སྐྱོང་གང་ཐུབ་བྱེད་དགོས། གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་བརྟན་དུ་གཏོང་དགོས།

        ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། རིམས་འགོག་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་འཁུར་སེམས་ལ་ཤུགས་སྣོན་རྒྱག་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ས་སྲུང་གི་འགན་འཁྲི་འཁུར་བ་དང་ས་སྲུང་གི་འགན་འཁྲི་གཙང་སྒྲུབ། གཞི་རིམ་དང་འཐབ་ཕྱོགས་དང་པོར་སྐྱོད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ། བསམ་བློར་ཁྲིད་སྟོན་དང་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས།

        ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1