༄༅།།རྒྱལ་སྤྱིའི་ཞིབ་འཇུག་གནས་ཚུལ།

བསེ་ཆང་སངས་རྒྱས་དོན་གྲུབ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས།རྒྱལ་ཕྱིའི་ཞིབ་འཇུག་གནས་ཚུལ། སྤེལ་དུས། 11-17


ཕྱིའི་རྒྱལ་ཁབ་ལ་མཚོན་ན་སྤྱི་ལོ་1916ལོ་ནས་བཟུང་ཏུན་ཧོང་ཡིག་རྙིང«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ལ་ཞིབ་འཇུག་བྱས་ཡོད་ཅིང་། སྤྱི་ལོ་2016ལོར་ཡང་དབྱིན་ཡིག་གི་ལམ་ནས་བྲིས་པའི་དཔྱད་རྩོམ་གཅིག་སྤེལ་ཡོད། ཞིབ་འཇུག་བྱ་ཡུལ་གྱི་ཡིག་ཆ་ཕལ་ཆེ་བ་ཉི་ཧོང་དང་། ཨུ་རུ་སུ། ཧྥ་རན་སི། དབྱིན་ཇི་སོགས་ཕྱིའི་རྒྱལ་ཁབ་ཁག་ན་ཉར་བའི་ཡིག་ཆ་དག་རེད། ཞིབ་འཇུག་གི་དཔྱད་འབྲས་ལ་མཚོན་ན་ཉི་ཧོང་གི་ཡི་གེ་ལམ་ནས་སྤེལ་བའི་དཔྱད་འབྲས་ཅུང་མང་ལ། གཞན་འཇར་མན་གྱི་ཡི་གེ་དང་དབྱིན་ཡིག་སོགས་ཀྱི་སྐད་ཡིག་གི་ལམ་ནས་སྤེལ་བའི་དཔྱད་རྩོམ་ཡང་མཐོང་དུ་ཡོད།ཉི་ཧོང་གི་ཨེ་ཞི་ཧཱ་མཱ་རྗེན་ཐཱ་རོ་ཡི«ཏུན་ཧོང་གི་གནའ་དཔེར་དཔྱད་པ»[47]དང«‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ཡི་དཔྱད་པ་ཁ་སྐོང་མ»[48]ཞེས་པའི་དཔྱད་རྩོམ་གཉིས་སུ་ཉི་ཧོང་གི་མི་སྒེར་གྱིས་ཉར་བའི་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡིག་ཆ་འགའ་མཚམས་སྦྱོར་དང་དབྱེ་ཞིབ་བྱས་ཡོད། ཨེ་ཞི་ཧཱ་མཱ་རྗེན་ཐཱ་རོ་དང་ཡཱོ་ཞི་མུའུ་ར་ཞོ་ཁེ་གཉིས་ཀྱི་དཔྱད་རྩོམ«སྤྱི་ལོ་822ལོ་རྨང་གཞི་བྱས་ཏེ‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›དང་ཡིག་རིགས་གཞན་དག་གི་པར་གཞིར་དཔྱད་པ»[49]ཞེས་པར་ཉི་ཧོང་གི་ལོན་ཀའོ་སློབ་ཆེན་དུ་ཉར་བའི་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡིག་ཆ་ཞིབ་འཇུག་བྱ་ཡུལ་གཙོ་བོར་བཟུང་ཞིང་། མདོ་འདིའི་བོད་ཡིག་གི་པར་གཞི་དང་། མན་ཇུའི་ཡི་གེའི་པར་གཞི། སོག་ཡིག་གི་པར་གཞི། རྒྱ་ཡིག་གི་པར་གཞི་བཅས་བར་གྱི་འབྲེལ་བར་བརྟགས་ཏེ། སོག་ཡིག་གི་པར་གཞི་ནི་བོད་ཡིག་གི་པར་གཞི་ལས་བསྒྱུར་ཅིང་མན་ཇུའི་ཡི་གེའི་པར་གཞི་ནི་རྒྱ་ཡིག་གི་པར་གཞི་ལས་བསྒྱུར་པའི་ལྟ་ཚུལ་བཏོན་ཡོད།ཧྥུ་རྗེ་དྷཱ་ཨ་ཁེ་རཱ་དང་ཨོ་ཨེ་ཡཱ་མཱ་ཐཱའེ་ཞོན་གཉིས་ཀྱི«ཏུན་ཧོང་ནས་བྱུང་བའི‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›བོད་འགྱུར་མར་དཔྱད་པ»[50]ཞེས་པར་ཉི་ཧོང་གི་ཐན་ལེན་དཔེ་མཛོད་ཁང་ན་ཉར་བའི་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་ཡིག་ཆ་7ངོ་སྤྲོད་བྱས་པར་མ་ཟད། ཏུན་ཧོང་གི་པར་གཞི་དང«བཀའ་འགྱུར»གྱི་པར་གཞི་གཉིས་བསྡུར་ཏེ། «བཀའ་འགྱུར»གྱི་པར་གཞིའི་གཞུང་དོན་དུམ་མཚམས་29ཡིས་གྲུབ་པ་དང་། ཏུན་ཧོང་གི་པར་གཞི་རུ«བཀའ་འགྱུར»གྱི་པར་གཞིའི་དུམ་མཚམས་4—7དང་15དང་27བཅས་དུམ་མཚམས་6ཆད་པས་དུམ་མཚམས་23མ་གཏོགས་མེད་པར་བརྗོད།ནེ་ཞེ་ཨོ་ཁཱ་སོའོ་ཞིས་ལགས་ཀྱི་དཔྱད་རྩོམ«པའོ་ཞིས་ཧིས་བསྡུ་ཉར་བྱས་པའི་བོད་ཡིག་གི‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ཡི་ཡིག་ཆ་དག་གི་བཤུ་འབྲི་བྱེད་མཁན་དང་ཞུས་གཏན་གཏོང་མཁན་གྱི་མཚན་ཐོ»[51]ཞེས་པར་ཧྥ་རན་སིར་ཉར་བའི་ཡིག་ཆ་P.T.3501ནས་4138བར་གྱི་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་ཡིག་ཆའི་བཤུ་འབྲི་བྱེད་མཁན་དང་ཞུས་གཏན་གཏོང་མཁན་གྱི་མཚན་ཐོ་ཀ་ཕྲེང་ལྟར་རེ་རེ་བཞིན་བཀོད་ཡོད། ཁོང་གི་དཔྱད་རྩོམ་གཞན«ཤ་ཅུ་ཡུལ་གྱི་ཆོས་གཞུང་བཤུ་འབྲིའི་ལས་དོན་གླེང་བ—‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ཡི་བཤུ་འབྲི་གཞིར་བཟུང་བ»[52]ཞེས་པར། ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མེད་པ་ཞེས་བྱ་ཐེག་པ་ཆེན་པོའི་མདོ»ཡི་འཛམ་གླིང་གི་ས་ཆ་སོ་སོའི་ཉར་ཚགས་ཀྱི་གནས་ཚུལ་དང་། མདོ་དེའི་ཡིག་ཆ་རེ་རེའི་མཇུག་གི་བཤུ་འབྲི་བྱེད་མཁན་དང་ཞུས་གཏན་གཏོང་མཁན་གྱི་མཚན་ཐོ་ལ་སྡོམ་རྩིས་བླངས་ཏེ་མདོ་འདིའི་བཤུ་འབྲིའི་ལས་དོན་གྱི་གཞི་རྒྱ་ཆེ་བར་བཤད་ཅིང་། སྐུ་ཞབས་ཐའོ་མཱ་སུས་བསྒྱུར་འགྲེལ་གནང་བའི«ཤེར་ཕྱིན་སྟོང་ཕྲག་བརྒྱ་པ»ཡི་བཤུ་འབྲིའི་གནས་ཚུལ་བཀོད་པའི་ཡིག་ཆ་དེ་དང«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་བཤུ་འབྲིའི་གནས་ཚུལ་བཀོད་པའི་ཡིག་ཆ་P.T.999གཉིས་ཀྱི་ནང་དོན་དང་སྦྲགས་ཏེ། ཆོས་གཞུང་བཤུ་འབྲི་བྱེད་མཁན་གྱི་ཐོབ་ཐང་དང་། བཤུ་འབྲིའི་ལམ་ལུགས། བཤུ་འབྲིའི་གཞི་རྒྱའི་གནས་ཚུལ་སོགས་ལ་དཔྱད་པ་བཏང་ཡོད། གཞན་ཡང་མུས་མཱ་ཁའེ་ཁཱ་ཚ་མུས་ཀྱི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»[53]དང་ཨཱ་ཁཱ་མ་ཚི་ཀོ་ཞོའོ་ལགས་ཀྱི«ཏུན་ཧོང་བོད་ཡིག་ཡིག་ཆ་དང་བདེ་ལྡན་ཞིང་སྦྱོང་བའི་གྲུབ་མཐའ་དང་འབྲེལ་བའི་སློབ་དེབ»[54]དང«ཏུན་ཧོང་བོད་ཡིག་ཡིག་ཆ་དང་བདེ་ལྡན་ཞིང་སྦྱོང་བའི་གྲུབ་མཐའ་དང་འབྲེལ་བའི་རྒྱུ་ཆ»[55]གཉིས་སུ་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»དང་འབྲེལ་བའི་འབྲེལ་ཡོད་རྒྱུ་ཆའི་སྐོར་གླེང་ཡོད།སུའུ་ལེན་གྱི་ཧྲ་ཝེ་ཐིག་སི་ཅི་ཡི་དཔྱད་རྩོམ«ལེ་ཉིན་གུ་ལི་ཤར་ཕྱོགས་ཞིབ་འཇུག་གླིང་དུ་ཉར་བའི་ཏུན་ཧོང་བོད་ཀྱི་ཡིག་ཆ»[56]ཞེས་པ་རུ་ཞིབ་འཇུག་གླིང་དེར་ཉར་བའི་ཏུན་ཧོང་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡིག་ཆ་202ཀྱི་ཡིག་གཟུགས་དང་ཤོག་བུའི་ཁྱད་ཆོས་གླེང་ཡོད་པར་མ་ཟད། མདོ་དེ་བཤུ་འབྲི་བྱེད་མཁན་92དང་ཞུས་གཏན་གཏོང་མཁན་62ཀྱི་རུས་མིང་ཐོ་རུ་བཀོད་འདུག རུས་མིང་རེ་འགའི་མི་རིགས་དང་རུས་རྒྱུད་ཀྱི་སྐོར་ཡང་དཔྱད་གླེང་བགྱིས་ཡོད། ཡང་ཁོང་གི«ཏུན་ཧོང་བོད་ཡིག་གི་བྲིས་དཔེ་སྔ་མའི་སྲོལ་རྒྱུན»[57]ཞེས་པའི་དཔྱད་རྩོམ་དུ་ལེ་ཉིན་གུ་ལི་ཤར་ཕྱོགས་ཞིབ་འཇུག་གླིང་དུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཆ་རྣམས་ཀྱི་བསྡུ་ཉར་གྱི་གོ་རིམ་དང་ནང་དོན་མཚམས་སྦྱོར་བྱས་པ་བརྒྱུད་དེ། «ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་ཡིག་ཆའི་ཕྱིའི་རྣམ་པ་དང་། ཤོག་བུའི་ཁྱད་ཆོས། མཇུག་བྱང་གི་ནང་དོན་སོགས་ལ་དབྱེ་ཞིབ་བྱས་འདུག ལྷག་པར་དུ་ཤོག་བུའི་ཁྱད་ཆོས་གཞིར་བཟུང་ཏེ«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡིག་ཆ་202ནི་སྤྱི་ལོ་དུས་རབས་བཅུ་བ་དང་བཅུ་གཅིག་གི་དུས་མགོར་བྲིས་པའི་ལྟ་ཚུལ་བརྗོད་འདུགམཱ་ཁི་སུ་ཝེ་ལེ་སེར་(Max Walleser)གྱི་དཔྱད་རྩོམ«‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ཡི་བལ་བོ་ནས་རྙེད་པའི་ལེགས་སྦྱར་སྐད་ཀྱི་བྲིས་དཔེ་དང་བོད་ཡིག་དང་རྒྱ་ཡིག་བཅས་ཀྱི་པར་གཞི»[58]ཞེས་པ་རུ«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་བལ་བོ་ནས་རྙེད་པའི་ལེགས་སྦྱར་སྐད་ཀྱི་བྲིས་དཔེ་དང་བོད་ཡིག་གི་པར་གཞི་དང་དང་རྒྱ་ཡིག་གི་པར་གཞི་གསུམ་ལ་དཔྱད་བསྡུར་བྱས་ཡོད།

ནོར་ཝེའི་ཞིབ་འཇུག་པ་སི་ཏེན་ཁོ་ནོའུ་(Sten konow)ལགས་ཀྱི«‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ཡི་ཡུའུ་ཐིན་ཡི་གེའི་པར་གཞི་དང་ལེགས་སྦྱར་སྐད་ཀྱི་པར་གཞི་དང་བོད་ཡིག་གི་པར་གཞིའི་ཕྱོགས་བསྒྲིགས»[59]ཞེས་པའི་དཔྱད་རྩོམ་དུ«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཡི་ཡུའུ་ཐིན་ཡི་གེའི་པར་གཞི་དེ་དབྱིན་ཡིག་ཏུ་བསྒྱུར་ཡོད་ཅིང་། ཡུའུ་ཐིན་ཡི་གེའི་པར་གཞི་དང་ལེགས་སྦྱར་སྐད་ཀྱི་པར་གཞི་དང་བོད་ཡིག་གི་པར་གཞི་བཅས་ཕན་ཚུན་དཔྱད་བསྡུར་བྱས་པར་མ་ཟད། མདོ་དེའི་ཏུན་ཧོང་བོད་ཡིག་གི་པར་གཞི་དང་དུས་རབས་བཅོ་བརྒྱད་པའི་ཤིང་དཔར་གཉིས་བསྡུར་ཏེ་ཕྱི་མའི་ཁྲོད་ཀྱི་དོན་ཚན་བདུན་སྔ་མའི་ཁྲོད་མཐོང་དུ་མེད་པ་ཡང་བརྗོད་ཡོད།ལྗོར་ཊིས་ཧོལ་ཁིས་(Georgios Halkias)ཀྱི«བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་དག་ཞིང་གི་ཡིག་ཆའི་བྱུང་འཕེལ་གླེང་བ»[60]ཞེས་པའི་དཔྱད་རྩོམ་ཁྲོད་དུ་བོད་བཙན་པོའི་དུས་སུ་ཤ་ཅུ་རུ«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»བཤུ་འབྲི་དང་ཉར་ཚགས་ཀྱི་གནས་ཚུལ་གྱི་བཀོད་པའི་ཡིག་ཆ་P.T.999ཡི་ནང་དོན་མཚམས་སྦྱོར་དང་། སྐུ་ཞབས་ཨུ་རེལ་སི་ཏེན་གྱིས(Aurel Stein)སྤྱི་ལོ་1906དང་1908གཉིས་སུ་ཏུན་ཧོང་ནས་བོད་ཡིག་གི«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»དང་བཅས་པའི་ཡིག་ཆ་ཁྱེར་ཚུལ་གྱི་གནས་ཚུལ་སོགས་བརྗོད་པར་མ་ཟད། བོད་ཡིག་གི«བཀའ་འགྱུར»གྱི་རྒྱུད་ཀྱི་ཁྲོད་བཞུགས་པའི་པར་གཞི་དེ་དབྱིན་ཡིག་དུའང་བསྒྱུར་ཡོད།བྷི་རན་རྡོན་རྡོ་ཚོན་(Brandon Dotson)གྱི་དཔྱད་རྩོམ«ཏུན་ཧོང་ནས་ཐོན་པའི་གཞུང་ཕྱོགས་ཀྱི་རྩ་འཛུགས་འོག་བྲིས་པའི་བོད་ཡིག་གི‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›དང་བོད་གནའ་རབས་ཀྱི་དག་ཡིག་གི་སྐོར་ལ་དཔྱད་པ»[61]ཞེས་པར། དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཡིག་གི་ཡིག་ཆ«ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ»ཚར་གྲངས་1600བརྒལ་པ་གཞིར་བཟུང་སྟེ། ཡིག་ཆ་དེ་དག་གི་ཁྲོད་ཀྱི་མིང་བརྡ་ནང་དོན་གཅིག་པ་འབྲི་ཚུལ་མི་མཚུངས་པ་དང་ཕྲད་ཀྱི་སྦྱོར་སྟངས་ཁྱད་པར་བ་སོགས་ཀྱི་སྣང་ཚུལ་ལ་ཕྱོགས་བསྡོམས་བགྱིས་ཏེ་བོད་གནའ་རབས་དུས་ཀྱི་དག་ཡིག་གི་སྐོར་ལ་དཔྱད་པ་བཏང་ཡོད་ཅིང་། ཡིག་ཆ་དེ་དག་ནི་སྤྱི་ལོ་820ནས་840བར་གཞུང་ཕྱོགས་ཀྱིས་རྩ་འཛུགས་དང་འགྲོ་གྲོན་བཏང་བ་ལས་བྱུང་བའི་ལྟ་ཚུལ་བརྗོད་འདུག  གཞན་ཡང་བྷི་རན་རྡོན་རྡོ་ཚོན་དང་ལེ་བིས་རྡོ་ནེ་(Lewis Doney)དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་རྡོ་རྗེ་དོན་གྲུབ་གསུམ་གྱིས་བྲིས་པའི«དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི‹ཚེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ›ལ་དཔྱད་པ»[62]ཞེས་པའི་དཔེ་དེབ་དེ་མི་འགྱངས་པར་པར་བསྐྲུན་བྱེད་པར་གླེང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1