༄༅། །མཐོ་སྒང་གི་མཚེའུ་འཕེལ་འགྲིབ་ཀྱི་རྒྱུ་རྐྱེན་མི་འདྲ་བ་གསལ་བར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-17




        མདོ་དབུས་མཐོ་སྒང་དུ་མཚེའུ་ཧ་ཅང་མང་ཞིང་། ཡུལ་འདིའི་མཚེའུ་ཡི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་གྱི57.6% ཟིན་ཡོད་པ་དང་། འདི་ནི་རང་རྒྱལ་གྱི་མཚེའུ་ཡི་ཁྱབ་གནས་གཙོ་བོ་ཞིག་ཡིན། དུས་རབས20པའི་ལོ་རབས་དགུ་བཅུའི་མཇུག་ནས་བཟུང་། སའི་གོ་ལའི་ནམ་ཟླ་ཇེ་དྲོར་གྱུར་པའི་ཤུགས་རྐྱེན་འོག མདོ་དབུས་མཐོ་སྒང་གི་སྐམ་སའི་ནང་ལོག་གི་མཚེའུ་མང་ཤོས་ཀྱི་རྒྱ་ཁྱོན་ཇེ་ཆེར་གྱུར་པ་དང་། ལྷོ་རྒྱུད་ཀྱི་མཚེའུ་ཡི་རྒྱ་ཁྱོན་ཚད་ངེས་ཅན་ཞིག་ནས་ཇེ་ཆུང་དུ་གྱུར་ཡོད། མདོ་དབུས་མཐོ་སྒང་གི་སྐམ་སའི་ནང་ལོག་གི་མཚེའུ་ནི་མི་མེད་ལུང་སྟོང་གི་གནས་སུ་ཡོད་སྟབས། དེའི་འཕེལ་འགྲིབ་ཀྱིས་ནམ་ཟླར་འགྱུར་ལྡོག་བྱུང་བ་ལས་མཚེའུ་ལ་ཐེབས་པའི་ཤུགས་རྐྱེན་ཅི་འདྲ་ཡིན་པ་ཅུང་ལེགས་པའི་སྒོ་ནས་མཚོན་ཐུབ་པ་དང་། དེ་ནི་ནམ་ཟླའི་འགྱུར་ལྡོག་གི“མཛུབ་སྟོན་འཕྲུལ་ཆས”གལ་ཆེན་ཞིག་ཡིན།

ཞིབ་འཇུག་ཁུལ་གྱི་གནས་ཡུལ་དང་ས་དབྱིབས་རྣམ་པ།

        ཀྲུང་གོའི་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་སུའོ་ཡི་ས་རླངས་ནུས་པ་དང་ནམ་ཟླའི་ནུས་སྣང་ཞིབ་འཇུག་ཚོགས་པས་རྒྱང་ཚོར་གཞི་གྲངས་དང་སྐམ་སའི་ནང་ལོག་གི་དཔེ་མཚོན་མཚེའུ་གསུམ་གྱི་ནང་དུ་རང་འགུལ་གནམ་གཤིས་ས་ཚིགས(2018ལོར)འཛུགས་པ། དུས་བཅད་ལྟར་མཚོ་ཆུ་ལ་ལྟ་དཔྱད་ཚད་འཇལ་བྱེད་པ་བཅས་རྨང་གཞི་བྱས་ཏེ། ནམ་ཟླའི་ཁུལ་མི་འདྲ་བའི་གནས་སུ་ཡོད་པའི་སྐམ་སའི་ནང་ལོག་གི་དཔེ་མཚོན་མཚེའུ་གསུམ་སྟེ་སྤམ་མཚོ་དང་ལ་ལྔ་མཚོ། ལུང་མུ་མཚོ་བཅས་ཀྱི་མཚོ་ཆུ་ཡི་ལོ་རེའི་འཕེལ་འགྲིབ་དང་ཟླ་རེའི་འཕེལ་འགྲིབ་ལ་རྩིས་རྒྱག་བྱེད་པ་བརྒྱུད། ནམ་ཟླའི་འགྱུར་ལྡོག་གིས་མཚེའུ་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་དཔག་བྱས་པ་རེད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཆར་ཆུའི་འབབ་ཚད་དང་དྲོད་ཚད་གཉིས་ནི་མཚེའུ་འཕེལ་འགྲིབ་ལ་ཤུགས་རྐྱེན་ཆེས་ཆེ་བའི་ནམ་ཟླའི་རྒྱུ་རྐྱེན་ཡིན་ཞིང་། དུས་མཚུངས་སུ། ནམ་ཟླའི་ཁུལ་མི་འདྲ་བ་ན་ཡོད་པའི་དབང་གིས། མཚེའུ་འཕེལ་འགྲིབ་ལ་གཙོ་ཁྲིད་བྱེད་པའི་ནམ་ཟླའི་རྒྱུ་རྐྱེན་ཡང་མི་འདྲ་བ་རེད།

2013ལོ་ནས2021ལོའི་བར་གྱི་མཚེའུ་ཡི་མཚོ་ཆུའི་ལྟོས་བཅས་འཕེལ་འགྲིབ་ཀྱི་དཔེ་རིས། (a) དུས་རླུང་ཁུལ་གྱི་མཚེའུ། (b) ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུས་པའི་ཁུལ་གྱི་མཚེའུ། (c) ནུབ་རླུང་ཁུལ་གྱི་མཚེའུ།

        ཚན་ཞིབ་ཚོགས་པས་མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་མོའི་འཁོར་རྒྱུག་ར་བ་དང་ཡུལ་བྱེ་བྲག་གི་སྐམ་རློན་ཆ་རྐྱེན་ལ་གཞིགས་ཏེ། མདོ་དབུས་མཐོ་སྒང་འདི་དུས་རླུང་ཁུལ་དང་ནུབ་རླུང་ཁུལ། ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུས་པའི་ཁུལ་བཅས་སུ་དབྱེ་བ་དང་། དེའི་ནང་ནས་བར་ཐག་ཉེ་ཞིང་ས་དབྱིབས་ཆ་རྐྱེན་མཚུངས་པའི་མཚེའུ་ཚན་ཆུང་གསུམ་སྟེ་དུས་རླུང་ཁུལ་གྱི་སྤམ་མཚོ་དང་བུལ་མཚོ། ནུབ་རླུང་ཁུལ་གྱི་ལུང་མུ་མཚོ་དང་གསུམ་བཞི་མཚོ། ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུས་པའི་ཁུལ་གྱི་ལ་ལྔ་མཚོ་དང་མ་ཕམ་གཡུ་མཚོ་བཅས་བདམས་ཡོད། མཚེའུ་ཚན་ཆུང་གསུམ་གྱི་རྒྱ་ཁྱོན་དང་ཆུ་གནས། མཚོ་ཆུའི་མང་ཉུང་གི་འགྱུར་ཕྱོགས་ཚང་མ་མི་འདྲ་ཞིང་། ལོ་རེའི་མཚོ་ཆུའི་མང་ཉུང་གི་ལྟོས་བཅས་འཕེལ་འགྲིབ(2012ལོའི་མཚེའུ་ཡི་མཚོ་ཆུའི་ཚད་དང་བསྡུར་ན)ལས་བལྟས་ན། དུས་རླུང་ཁུལ་དུ་ཡོད་པའི་སྤམ་མཚོ་དང་བུལ་མཚོ་གཉིས་ནི2017ལོའི་ཡར་སྔོན་ལ་ལྟོས་བཅས་སུ་བརྟན་འཇགས་ཡིན་པ་དང་། ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུས་པའི་ཁུལ་དུ་ཡོད་པའི་ལ་ལྔ་མཚོ་དང་མ་ཕམ་གཡུ་མཚོ་གཉིས་ཀྱི་སྣང་ཚུལ་མི་འདྲ་བ་སྟེ། ལ་ལྔ་མཚོ་ནི་ལོ་བསྟུད་མར་ཇེ་ཆུང་དུ་གྱུར་པ་དང་མ་ཕམ་གཡུ་མཚོ་ནི2020ལོའི་སྔོན་བར་དུ་ཅུང་བརྟན་འཇགས་ཡིན་ནའང་། དེའི་རྗེས་ནས་བཟུང་མཚོ་ཆུ་ཇེ་ཉུང་དུ་གྱུར་ཞིང་། ནུབ་རླུང་ཁུལ་དུ་ཡོད་པའི་ལུང་མུ་མཚོ་དང་གསུམ་བཞི་མཚོ་གཉིས་བསྟུད་མར་ཇེ་ཆེར་གྱུར་པའི་འཕེལ་ཕྱོགས་མངོན་པ་རེད།

2019ལོ་ནས2021ལོའི་བར་གྱི་མཚེའུ་ཡི་མཚོ་ཆུའི་ཟླ་རེའི་ལྟོས་བཅས་འཕེལ་འགྲིབ་དང་ཆར་ཆུའི་འབབ་ཚད་ཀྱི་ཟླ་རེའི་ལྟོས་བཅས་འཕེལ་འགྲིབ་ཀྱི་དཔེ་རིས། (a、b) སྤམ་མཚོ་ཡི་མཚོ་ཆུའི་ལྟོས་བཅས་འཕེལ་འགྲིབ་དང་ཆར་ཆུའི་འབབ་ཚད། (c、d) ལ་ལྔ་མཚོ་ཡི་མཚོ་ཆུའི་ལྟོས་བཅས་འཕེལ་འགྲིབ་དང་ཆར་ཆུའི་འབབ་ཚད། (e、f) ལུང་མུ་མཚོ་ཡི་མཚོ་ཆུའི་ལྟོས་བཅས་འཕེལ་འགྲིབ་དང་ཆར་ཆུའི་འབབ་ཚད།

        2018ལོ་ནས2021ལོའི་བར་གྱི་ཟླ་རེའི་ལྟོས་བཅས་འཕེལ་འགྲིབ(ཕལ་ཆེར་ལོ་རེའི་མཚེའུ་ཡི་ཆུ་གནས་ལ་ལྟ་དཔྱད་ཚད་འཇལ་བྱས་པའི་ཟླ་དང་པོ་དང་མཚུངས་པ)ལས་བལྟས་ན། དུས་རླུང་ཁུལ་དུ་ཡོད་པའི་སྤམ་མཚོ་ཡི་མཚོ་ཆུའི་མང་ཉུང་ནི་ལྟོས་བཅས་སུ་ལོ་བསྟུད་མར་ཇེ་མང་དུ་གྱུར་པ་དང་། དེ་ལ་དུས་ཚིགས་རང་བཞིན་གྱི་འཕེལ་འགྲིབ་མངོན་གསལ་ཡོད་པ་རེད། ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུས་པའི་ཁུལ་དུ་ཡོད་པའི་ལ་ལྔ་མཚོ་ནི2019ལོར་མཚོ་ཆུའི་མང་ཉུང་ལ་འཕེལ་འགྲིབ་མངོན་གསལ་ཡོད་པ་དང་། དེ་ནས2020ལོ་དང2021ལོ་གཉིས་ཀྱི་མཚོ་ཆུའི་མང་ཉུང་གི་ཚད་ནི་ལྟོས་བཅས་ཀྱི་བརྟན་འཇགས་ཡིན་པ་རེད། ནུབ་རླུང་ཁུལ་དུ་ཡོད་པའི་ལུང་མུ་མཚོ་ལའང2019ལོར་མཚོ་ཆུའི་མང་ཉུང་གི་འཕེལ་འགྲིབ་མངོན་གསལ་ཡིན་པ་དང་། དེ་ནི་ཕལ་ཆེར2019ལོའི་ནུབ་རླུང་མུ་རྒྱུད་ལ་གཡོ་འགུལ་ཆེན་པོ་བྱུང་བ་དང་འབྲེལ་བ་ཡོད་ཀྱང་སྲིད།

མཚེའུ་ཡི་རྒྱ་ཁྱོན་དང་ནམ་ཟླའི་རྒྱུ་རྐྱེན་གྱི་འབྲེལ་ཡོད་རང་བཞིན་དབྱེ་ཞིབ་ཀྱི་དཔེ་རིས།

        ནམ་ཟླའི་རྒྱུ་རྐྱེན་མི་འདྲ་བས་མཚེའུ་འཕེལ་འགྲིབ་ལ་ཤུགས་རྐྱེན་ཐེབས་ཚུལ་ཞིབ་གསལ་དུ་གཏང་ཆེད། ཞིབ་འཇུག་མི་སྣས་དྲོད་ཚད་དང་ཆར་ཆུའི་འབབ་ཚད། ལྟོས་བཅས་རློན་ཚད། རླུང་གི་འགྲོས་ཚད་དང་མཚེའུ་འཕེལ་འགྲིབ་ཀྱི་འབྲེལ་ཡོད་རང་བཞིན་བཅས་ལ་རྩིས་རྒྱག་བྱས་པ་དང་། ཞིབ་འཇུག་ལ་ཨང་སྒྲིག་བྱས་པ་བརྒྱུད། དུས་རླུང་ཁུལ་དུ་དྲོད་ཚད་ཇེ་མཐོར་གྱུར་པ་ནི་མཚེའུ་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། ནུབ་རླུང་དང་དུས་རླུང་མཉམ་སྡེབ་ནུབ་པའི་ཁུལ་དུ་རླངས་འགྱུར་ཇེ་མང་དུ་སོང་བ་ནི་མཚེའུ་ཇེ་ཆུང་དུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ། ནུབ་རླུང་ཁུལ་དུ་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་པ་ནི་མཚེའུ་ཇེ་ཆེར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་བཅས་ཤེས་རྟོགས་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1