༄༅།།བོད་ཀྱི་ཆང་དང་ཆང་གཞས་ཀྱི་བྱུང་བ་གླེང་བ།

ཉི་མ་ཚེ་རིང་། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་མོ་དྲ་བ་ལས་དྲངས། སྤེལ་དུས། 11-18



                                                              ཆང་གཞས་ཞེས་གླེང་བའི་ཚེ་དུ་བ་ཐོན་པར་མེ་དགོས་པ་ཇི་བཞིན་ཆང་གཞས་དར་བར་ཡང་ཆང་གི་བཏུང་བྱ་དགོས་པར་བསམ་ནས་ཐོག་མར་ཆང་གི་བྱུང་བ་མདོ་ཙམ་གླེང་ན།

        ༡. ཆར་དུས་ཇི་ཙམ་ལ་བྱུང་མིན་ཐད་ཚིག་ཟིན་དུ་འཁོད་པའི་ཡིག་ཆ་ཁ་གསལ་ཞིག་ཁོ་བོས་ལག་སོན་མ་བྱུང་བས་འདིར་ཐར་ཐོར་དུ་གནས་པའི་ཆང་གི་བཤད་པའི་སྐོར་ལ་ཕྱིར་འདང་ཞིག་བརྒྱབ་ན། ཁ་ཅིག་གིས་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་རྗེས་བོད་དུ་ཆང་གི་ལག་རྩལ་དར་བའི་སྐོར་གླེང་བ་ལ་ཁོ་བོ་ནི་མི་འདོད་དེ། དེའི་ཐད་ད་ཡོད་རཉིང་ཁུངས་ལྡན་པ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་ཁྱུང་པོ་སྤུང་སད་ཟུ་ཙེས་བཙན་པོ་ཁྲིར་འཁོད་མ་ཐག་ཏུ་གཡོ་སྒྱུའི་སྦྱོར་བས་གསོལ་བར། “བདག་གི་སྡུམ་པ་ཁྲི་བོམ་སུ། དགྱེས་སྐྱེམས་སྟོན་མོ་གསོལ་དུ་ཇི་གནང་ཞེས་གསོལ་ནས། བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ”ཞེས་དང་ཡང་བཙན་པོ་དང་བློན་པོ་འགའ་བྲོ་བོར་སྐབས་བཙན་པོས་ཆང་སྟོན་གཤོམ་དགོས་པའི་བཀའ་བསྩལ་བ་ནི། “ལ་མོ་ཆག་པ་སྦྲུམ་དུ། རྩང་ཕྱེད་པུབ་སྟེ། པྱག་ཐབ་གསོལ་ཏོ”[2]ཞེས་པར་བསམ་ཚེ་ཀོང་ཇོ་ནི་བཙན་པོ་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པའི་དབང་དུ་བཏང་ན་སྤྱི་ལོ༥༨༢ལོར་ཁྲིར་འཁོད་པ་དང་། དགུང་ལོ་སོ་གཉིས་བཞུགས་པའི་དབང་དུ་བཏང་ན་སྤྱི་ལོ༦༣༠ལོར་ཁྲིར་འཁོད་ཅིང་། ཀོང་ཇོ་ནི་སྤྱི་ལོ༦༤༡ལོར་བོད་དུ་ཕེབས་ལ། བཙན་པོ་དང་ལོ་གསུམ་ཙམ་ལས་བཤོས་ཡུན་མ་བྱུང་བ་སོགས་ཐང་ཡིག་ནང་དུའང་གསལ་བས་ཀོང་ཇོ་མ་ཕེབས་གོང་དུ་བོད་ལ་ཆང་བསྙལ་བའི་ལག་རྩལ་དར་ཡོད་པ་ནི་བློ་ལྡན་རྣམས་ཀྱིས་རང་ཤུགས་སུ་རྟོགས་ཐུབ།

        ༢. ཆང་གི་བྱུང་བའི་ཐད་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི«བོན་གྱི་གནའ་དཔེ་བདམས་བསྒྲིགས»ཞེས་པའི་ནང་གི་གསེར་སྐྱེམས་ཀྱི་རབ་ལས། “ཆང་གི་མེས་པོ་བའ། གནམ་འཁུན་དྀང་བས་བགྱི། །ཆང་གི་ཕྱི་མོ་བ་ས་ཁུན་དྀང་བས་བགྱི། །ཕ་དང་ཡབ་གྱི་མཚན་ལྷ་ཆུ་རྔམ་བས་བགྱི། །མ་དང་ཡུམ་གྱི་མཚན། རྨུ་ཆུ་དྀང་བས་བགྱི། །བཤོས་དང་ནམས་ཀྱི་སྲས། །ཆང་སྲས་མཆེད”[3]ཅེས་དང་། «ཇ་ཆང་ལྷ་མོའི་བསྟན་བཅོས»ལས“ང་བདེ་ལྡན་བདུད་རྩི་མ་དཀར་མོ་ནས་དང་། ཇོ་ཇོ་རིན་ཆེན་རྩམ་པ་ཡིན་ཐོམ་གྱེ་ཁྱོད་ཀྱིས་མ་ཤེས་ན་མ་གཏོགས་གཞན་དག་ཐམས་ཅད་ཀྱིས་མཁྱེན་སྤྱོད་དེ་ཡིན”[4]ཞེས་དང་ཡང་བོད་པའི་ཆང་གཞས་ཀྱི་གཞས་ཚིག་ཏུ་ཡང་། “དཀར་མོ་ནས་ལས་བཙོས་པའི། །ཞིམ་པོའི་མཆོད་ཆང་མངར་མོ། །ཧོབ་སྟེ་བལྟས་པ་ཙམ་གྱིས། །སེམས་ཀྱི་སྡུག་བསྔལ་བསངས་སོང་། །”ཞེས་པ་དག་ལས་བོད་པ་རང་གི་ངལ་རྩོལ་གྱི་རྒྱུད་རིམ་ནང་ཆང་གསར་རྙེད་བྱུང་བ་དང་ཕྱིས་འབྱུང་མི་རིགས་གཞན་དང་འབྲེལ་འདྲིས་བྱེད་པའི་ཁྲོད་རྒུན་ཆང་དང་འབྲས་ཆང་སོགས་ཀྱི་ཆང་རིགས་གཞན་ཡང་བསྙལ་བའི་ལག་རྩལ་རྒྱ་ཁྱབ་བྱུང་བར་སེམས།

        ༣. དམངས་ཁྲོད་དུ་ཆང་ཕབ་ཀྱི་ཕྱི་མོ་ནི་འཕར་བའི་ལྕེ་དང་སྤྱང་ཀིའི་སྙིང་། བེའུ་རློན་གྱི་ཚིགས་རྡོག་བཅས་སྡེབ་སྦྱོར་བྱས་པ་ལས་བྱུང་བ་རེད་ཅེས་ཤོད་སྲོལ་ཡོད་ལ་དེར་ཡང་རྒྱུ་མཚན་གཏན་ནས་མེད་པ་མ་ཡིན་ཏེ། འཕར་བའི་ལྕེ་བསྡེབས་པས་ཆང་བཏུང་རྗེས་ཅ་ཅོ་མང་བའི་འཕར་བའི་གཤིས་ཀ་དེ་བྱུང་ལ། སྤྱང་ཀིའི་སྙིང་འདྲེས་པ་ལས་ཆང་བཏུང་རྗེས་སྙིང་རྩ་རབ་ཏུ་རྒྱས་ནས་སྤྱང་ཀི་ཤོར་བ་ལྟ་བུའི་ལམ་ལ་ཞུགས་པ་དང་། བེའུ་ཚིགས་རྡོག་རྫས་སུ་སྦྱར་བས་ཆང་བཏུང་རྗེས་བེའུ་རློན་བཞིན་དུ་ཁྱར་རེ་ཁྱོར་རེའི་ངང་འགྲོ་བ་སོགས་ཀྱི་ཉེས་སྐྱོན་དག་བྱུང་བ་ཡིན་ལ། འོ་ན་དེང་དུས་ཀྱི་ཕབ་ལ་དེ་འདྲའི་རྫས་སྦྱོར་སྲོལ་མེད་པས་ནུས་པ་འདི་འདྲ་གང་ནས་བྱུང་སྙམ་ན། ཕབས་ཀྱི་ཨ་མ་དེ་ཕྱིས་སུ་ཕབས་བསྙལ་དུས་རྫས་སུ་སྦྱར་བས་ཕབས་ལ་ཕབས་སྦྱོར་བའི་རྫས་རྒྱུན་ལས་དེའི་ནུས་པ་བྱུང་ཞེས་པའི་ཤོད་རྒྱུན་དག་ལས་ཀྱང་ཆང་ནི་བཙན་པོའི་དུས་ནས་བོད་པ་རྣམས་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་གསར་དུ་རྙེད་ཅིང་ལོངས་སུ་སྤྱོད་པ་ནི་ལུང་རིགས་ཅི་ཐད་ནས་བསྒྲུབས་ཐུབ།

གཉིས་པ། ཆང་གཞས་དར་ཚུལ།

        མིའི་རིགས་ནི་ངལ་རྩོལ་ལ་བརྟེན་ནས་འཕེལ་འགྱུར་བྱུང་བ་ཞིག་ཡིན་ལ་མིའི་རིགས་ཀྱི་རིག་གནས་མཐའ་དག་ཀྱང་ངལ་རྩོལ་གྱི་ཐོན་རྫས་འབའ་ཞིག་ཡིན། དེས་ན་ངལ་རྩོལ་ནི་བོད་མི་རིགས་ཀྱི་གླུ་གཞས་ཀྱི་མྱུ་གུ་འབུས་པའི་ས་བོན་དེ་ཡིན། དེ་ཡང་བོད་རིགས་མི་དམངས་རྣམས་འཚོ་གནས་ཀྱི་ཆེད་རང་བྱུང་ཁམས་ལ་འབྲེལ་འདྲིས་བྱེད་པའི་ཁྲོད་ངལ་རྩོལ་གྱི་སྟངས་སྟབས་དང་འགྱུར་ཁུགས་ལ་ཟློས་ནས་གླུ་གཞས་ཀྱང་གསར་དུ་བྱུང་བ་ནི་བོད་པ་རང་གི་གླུ་གཞས་ཁྲོད་དཔེ་མཚོན་ཡང་མང་དག་ཅིག་རྙེད་རྒྱུ་ཡོད་དེ། སྒོར་གཞས་ནི་སྔོན་དུས་བོད་མི་རྣམས་ཀྱིས་རི་དྭགས་རྔོན་དུས་ལག་གདང་སྦྲེལ་ནས་རི་དྭགས་ཀྱི་མཐའ་བསྐོར་ཏེ་བརྔོན་པ་དང་དེ་བཞིན་གཡུལ་གཅོག་སྐབས་དུད་འགྲོ་རྣམས་དཀྱིལ་དུ་བཅུག་ནས་འདེད་སྐབས་ཇུས་ཇུས་ཞེས་ཟེར་བ་སོགས་ལ་ལད་ཟློས་བྱས་ནས་བྱུང་བ་སྟེ་དེང་དུས་སྒོར་གཞས་འཁྲབ་དུས་དལ་གཞས་ནས་འཁྲུག་གཞས་སུ་འགྱུར་སྐབས་ཇུས་ཇུས་ཟེར་བ་སོགས། མདོར་ན་དེང་དུས་ཀྱི་གཞས་རིགས་དག་ནི་མེས་པོའི་རྔུལ་ཆུའི་ཐིགས་པ་རེ་རེ་ལས་བྱུང་བ་ནི་ཤོད་མི་དགོས་པ་ཞིག་ཡིན་ལ། «གཡུང་དྲུང་བོན་གྱི་བསྟན་འབྱུང»ལས“བོད་ཡུལ་མ་སང་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང་། །བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང་། །དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས། །ཡུལ་མིང་སྟོང་སྡེ་བཅུ་བརྒྱད་ཅེས། །སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་། །གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་། །”[5]ཞེས་དང«བོད་ཀྱི་གླུ་དབྱངས་ཀྱི་ལོ་རྒྱུས་རགས་བསྡུས»ཅེས་པ་ལས“ཟ་རམ་སྐྱེས་དྲུག་ཚོགས་པའི་འགོ་གཙོར་བཀུར་དུས་དུས་གླུ་དབྱངས་ཀྱང་ངལ་རྩོལ་ཁོ་ནའི་ཁྲོད་བེད་སྤྱོད་པ་ལས་འདས་ཏེ་བསམ་པའི་དགོས་མཁོ་དང་བསྟུན་ནས་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོའི་ནང་དོན་གཙོ་བོར་གྱུར་ཟིན”[6]ཞེས་འཁོད་པས་ངལ་རྩོལ་ཁྲོད་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་དང་བསམ་པའི་དགོས་མཁོ་ལ་གཞིགས་ནས་གླུ་དབྱངས་ཀྱང་རིམ་བཞིན་ཕུན་སུམ་ཇེ་ཚོགས་དང་རྣམ་པ་འདྲ་མིན་དུ་གྱུར་ནས་ཆང་གཞས་ཀྱང་དར་བར་སེམས། གཞན་ཡང་དཔེ་ཆ་དེའི་ནང་ཞང་ཞུང་དང་སྤུ་རྒྱལ་ལ་སོགས་པར་རྒྱལ་བློན་འདུ་ཚོགས་ཀྱི་དགའ་སྟོན་སོགས་ལ་གཤམ་འོག་ནས་གླུ་བ་དང་གླུ་མ་ཁ་ཤས་སྐུལ་ནས་གླུ་ལེན་དུ་འཇུག་གི་ཡོད་ཅེས་པ་ལས་ཀྱང་དམངས་ཀྱི་འཚོ་བའི་འཕེལ་རྒྱས་དང་བསྟུན་ནས་ཕོ་བྲང་ནང་དགའ་སྟོན་ཁོ་ནར་བེད་སྤྱོད་པའི་གཞས་དེ་སླར་དམངས་ཁྲོད་དགའ་སྟོན་འདུ་འཛོམས་སོགས་ལ་དར་ཁྱབ་བྱུང་བ་དེ་དག་ནི་ཆེས་ཐོག་མའི་ཆང་གཞས་ཡིན་ཞེས་བཤད་ན་ཐལ་དྲག་རྒྱུ་ཅང་མེད་སྙམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1