ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཅིག་པའི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་པེ་ཅིང་འགྲེམ་སྟོན་ཁང་དུ་ཕེབས་ནས། “དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་རེད།
“དུས་རབས་གསར་པར་འབད་པས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རླབས་ཆེན་གྲུབ་འབྲས་དང་རླབས་ཆེའི་འཕོ་འགྱུར་ལ་དམིགས་ནས་འགོ་བརྗོད་ཚོམས་ཆེན་དང་། ཀྲུང་དབྱང་ཕྱོགས་བསྡུས་འགྲེམས་ཁུལ། ས་གནས་འགྲེམས་ཁུལ་སོགས་འགྲེམས་ཁུལ་6བཙུགས་ཡོད་ཅིང་། རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་3ལྷག་ཡོད།
ཀྲུང་དབྱང་གི་ཕྱོགས་བསྡུས་འགྲེམས་ཁུལ་དུ་ཀྲུང་གོའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། ཚན་རྩལ་སོགས་ཕྱོགས་ཡོངས་ཀྱི་གྲུབ་འབྲས་ལ་བཀྲག་མདངས་འཚེར་ས་མང་བ་དང་། པཎ་ཆེན་རིན་པོ་ཆེས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གཟིགས་པ་དང་ནན་ཏན་ངང་གསན་པ་རེད། ཁོང་གིས་ལོ་བཅུའི་རིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཧ་ཅང་དགའ་པོ་བྱེད་ཅིང་། ལྟ་སྐོར་བྱེད་ཞོར་འགྲེལ་བཤད་པར་འགྲེམས་སྟོན་བྱེད་པའི་ཟླ་བའི་ས་རྒྱུ་ནི་ཁེ་ག་ཚོད་ཡིན་པ་དང་། རྒྱང་སྐྱོད་ལྔ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་དཔེ་དབྱིབས་དང་། དངོས་པོ་ནི་བསྡུར་ཚད་གང་འདྲ་ཡིན་པ། ནུས་རྒྱུ་གསོག་འཇོག་སྒྲིག་ཆས་གསར་པར་རང་བརྟེན་གསར་གཏོད་ཀྱི་ལག་རྩལ་གང་དག་ཡོད་པ་སོགས་སྐོར་ནས་འདྲི་རྩད་བྱས། ས་གནས་འགྲེམས་ཁུལ་དུ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་ཁག་དང་། ཞང་ཀང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་སྣ་མང་ཕུན་སུམ་ཚོགས་པའི་ལོ་བཅུའི་འཕེལ་རྒྱས་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད། བོད་ལྗོངས་འགྲེམས་ཁུལ་དུ་དུས་རབས་གསར་པའི་བོད་ཀྱི་འགྲིམ་འགྲུལ་དྲ་རྒྱ་དང་། ནུས་རྒྱུའི་མ་ལག འགན་ལེན་རང་བཞིན་གྱི་སྡོད་ཁང་། སྨན་བཅོས་སློབ་གསོ། སྣོད་བཅུད་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་གྲུབ་འབྲས་དང་འཕོ་འགྱུར་དང་དེ་བཞིན་མི་རིགས་ཁག་གི་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱི་གཟུགས་བརྙན་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྲུན་བྱས་པའི“སེམས་པ་འབྲེལ་ཟམ།”སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་དམངས་ཕན་རྣམ་གྲངས་འགྲེམས་སྟོན་བྱས་ཡོད།
པཎ་ཆེན་རིན་པོ་ཆེ་ཡིས།དུས་རབས་གསར་པའི་ལོ་བཅུའི་ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོག་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགྲོ་ལམ་ཐོག་གཞི་ནས་བདེ་བླག་ངང་མདུན་སྐྱོད་བྱེད་ཐུབ་པ་ར་སྤྲོད་བྱས་ཡོད། པཎ་ཆེན་རིན་པོ་ཆེ་ཡིས་ང་ནི་དུས་རབས་གསར་པའི་ལོ་བཅུའི་འཕེལ་རྒྱས་ལོ་རྒྱུས་ཀྱི་དཔང་པོ་ཡིན་ལ་ཞུགས་མཁན་ཞིག་ཀྱང་ཡིན་པས། ཀྲུང་གོའི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་ཡག་པོ་བྱས་ནས་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྐྱོང་དམངས་བདེ་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།