མཛོད་དགེ་རྫོང་གིས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྩྭ་ཐང་དུ་བསྐྱལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 11-18



        དགུན་ཁར་སླེབས་རྗེས་གངས་ལྗོངས་ས་མཐོར་གངས་ཀྱིས་ཁེངས་ཏེ་རབ་དཀར་ཁ་བས་གཡོགས། སྐབས་འདིར་སི་ཁྲོན་ནུབ་བྱང་ས་མཐོར་གནས་པའི་མཛོད་དགེ་རྫོང་གི་གནམ་གཤིས་དྲོད་ཚད་ཀྱང་ཀླད་ཀོར་མན་ལ་སླེབས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུད་ཚང་ཁྲི་སྟོང་མང་བོར་བརྒྱུད་སྒྲོག་བྱ་ཆེད། ཉིན་ཤས་རིང་མཛོད་དགེ་རྫོང་གིས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་ལམ་སྣ་ཚོགས་སྤྱད་དེ་ས་གནས་ཀྱི་དོན་དངོས་དང་མཐུན་པའི་སྒོ་ནས། སློབ་སྦྱོང་དང་དྲིལ་སྒྲོག་བྱེད་སྒོ་སྤེལ།

        གླིང་བ་ཡུལ་ཚོ་ནི་མཛོད་དགེ་རྫོང་གི་འབྲོག་ལས་རྐྱང་བའི་ཡུལ་ཚོ་ཞིག་ཡིན། དེར་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི༣༤༥༦ཡིན་ལ། དགུན་ཁར་སླེབས་རྗེས་འབྲོག་པ་མང་ཚོགས་ཚང་མས་དགུན་སར་བསྐྱོད་ལ། ཚང་མ་ཁ་ཐོར་དུ་གནས་པས་ཆ་འཕྲིན་ལྟོས་བཅས་ཀྱིས་སྟབས་མི་བདེ་བ་དང་། འབྲོག་ཁུལ་གྱི་བགྲོད་ལམ་དུ་རླངས་འཁོར་སྐྱོད་དཀའ་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་མཐའ་མའི་འགག་གནད་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མཛོད་དགེ་རྫོང་གིས་སྐྱ་མིའི་སྒྲོག་འགྲེལ་རུ་ཁག་དང་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་བཙུགས་ནས། སྒོ་རྩར་བསྐྱོད་དེ་སྒྲོག་འགྲེལ་བྱེད་པའི་བྱ་ཐབས་སྤྱད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐག་རིང་ལུང་ཁུག་གི་ཞིང་འབྲོག་མང་ཚོགས་ཀྱི་འགྲམ་དུ་བསྐྱལ་ཏེ་བརྒྱུད་སྒྲོག་བྱས།

        མཛོད་དགེ་རྫོང་གི་རྨ་ཆུའི་བརྩེ་བའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། སྐལ་བཟང་མཚོ། ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་རྒྱལ་སྲིད་ནི་མི་དམངས་ཡིན་ལ་མི་དམངས་ནི་རྒྱལ་སྲིད་ཡིན་པས། ང་ཚོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་པར་བསྟན། ད་ཆ་ང་ཚོས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་སྐྲུན་བཞིན་ཡོད་པས། ང་ཚོས་ངེས་པར་དུ་ཁོར་ཡུག་བདག་སྐྱོང་བྱེད་དགོས།

        ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་བ་ཞིག་ཡིན་པའི་ཆ་ནས། སྐལ་བཟང་མཚོས་ངང་རྒྱུད་རིང་ཞིང་ཞིབ་ཕྲའི་སྒོ་ནས། ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་འགྲེལ་བཤད་གནང་། སྒྲོག་འགྲེལ་བས་སྒྲོག་འགྲེལ་ནན་མོར་འབྲོག་པ་མང་ཚོགས་ཀྱིས་གཟབ་ནན་གྱིས་མཉན་ནས་བསྔགས་པའི་ཚུལ་ལ་མགོ་བོ་ལྡེམ་ལྡེམ་དུ་གཡོས།

        མཛོད་དགེ་རྫོང་གླིང་བ་ཡུལ་ཚོའི་གྲོང་མི། བཀྲ་ཤིས་དོན་གྲུབ། ང་ཚོ་འབྲོག་ཁུལ་ནི་ས་ཐག་རིང་བ་དང་ཆ་འཕྲིན་ཤར་གཏོང་དཀའ་བས། སྒྲོག་འགྲེལ་རུ་ཁག་ང་ཚོའི་འབྲོག་ཁུལ་དུ་ཡོང་ནས། ང་ཚོར་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱས་པར་ང་ཚོ་ཧ་ཅང་དགའ་ཡོད།  ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུ་ལས་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་དགོས་པར་བསྟན་པས། ང་ཚོས་ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་ལྟ་བ་བརྟན་པོ་བསྐྲུན་ནས། ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་དང་བརླན་ས་སྲུང་སྐྱོང་ཡག་པོ་བྱ་དགོས་པ་ལས། ང་ཚོ་གསོ་སྐྱོང་བྱེད་མཁན་གྱི་རྩྭ་ཐང་ལ་གཏོར་བརླག་གཏོང་མི་རུང་།

        མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོར་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་ཆེན་པོ་ཞིག་ཤོམ་བཞིན་ཡོད། རིག་རྩལ་སྒྲོག་འགྲེལ་བས་ཞིང་འབྲོག་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེམས་ལ་འཇགས་སུ་བཅུག  ཚེ་ཤུལ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་མགོན་པོ་སྐྱབས་ཀྱིས་ཕྱོགས་གཅིག་ནས་རིག་རྩལ་ལེ་ཚན་ལ་ལྟ་བཞིན་དུ། ཉེ་འགྲམ་གྱི་མི་དང་གླེང་མོལ་བྱེད་བཞིན་ཡོད། ད་ལྟ་ང་ཚོས་སྨན་བཅོས་འགན་བཅོལ་ལ་ལྟ་བཞིན་ཡོད་པས། གྲོང་ཚོའི་ལམ་ཡང་ཇེ་ཡངས་སུ་ཕྱིན་པར་མ་ཟད། ཐང་ཆེན་དང་ལམ་སྒྲོན་ཡང་ཇེ་མང་དུ་ཕྱིན་ནས། ཚང་མ་བདེ་འཇགས་དང་དྭངས་གཙང་གི་ཁང་བའི་ནང་བསྡད་ཡོད།  འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བས། ཚང་མས་ཏང་གི་སྲིད་ཇུས་བཟང་བོར་ཐུགས་རྗེ་ཆེ་ཞུ་དགོས་པར་བཤད། 

        མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་ཚེ་ཤུལ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི། མགོན་པོ་སྐྱབས།  མཛོད་དགེ་རྫོང་ནི་རྒྱལ་ས་པེ་ཅིང་དང་བར་ཐག་རིང་མོད། འོན་ཀྱང་ཏང་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ང་ཚོའི་ས་གཞི་ཆེན་མོར་སེམས་ཁྲལ་བྱེད་ཀྱིན་ཡོད། རྩྭ་ཐང་ནས་པེ་ཅིང་ལ་ལྟ་སྐབས་སེམས་སུ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་བཞིན་ཡོད། ཏང་གི་སྲིད་ཇུས་བཟང་བོས་ང་ཚོ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བསྐྲུན་པས། ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་ཐུབ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། འཚོ་བ་ཉིན་རེ་བཞིན་སྐྱིད་པོར་རོལ་བ་དང་།   འབྱུང་འགྱུར་གྱི་འཚོ་བར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད། 

        སྐྱ་མིའི་སྒྲོག་འགྲེལ་དང་འཕྲུལ་རྟའི་སྒྲོག་འགྲེལ་སོགས་ནི། གྲང་ངར་ཆེ་བའི་མཛོད་དགེ་རྫོང་གི་སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱོད་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དཔུང་ཁག་གིས་ཐབས་ལམ་སྣ་ཚོགས་ཀྱིས་སྒྲོག་འགྲེལ་བྱས་ཏེ། མི་སེར་གྱིས་གོ་ཐུབ་པའི་སྐད་ཆ་དང་མི་སེར་གྱིས་ཉན་པར་དགའ་བའི་སྐད་ཆའི་ཐོག་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མང་ཚོགས་རེ་རེའི་སེམས་སུ་བརྒྱུད་སྒྲོག་བྱས།

        གོམ་སྟབས་རྗེས་མར་མཛོད་དགེ་རྫོང་གིས་ད་དུང་སྒྲོག་འགྲེལ་ཚོགས་པ་དང་རིག་རྩལ་སྒྲོག་འགྲེལ་རུ་ཁག །རྐང་འཛིན་སྒྲོག་འགྲེལ་བ་བཅས་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་འགན་སྲུང་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་དང་མང་ཚོགས་ཀྱིས་གོ་བདེ་བའི་སྐད་ཆས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་བོར་བརྒྱུད་སྒྲོག་བྱེད་པ་དང་། ཏང་གི་དམངས་ཕན་སྲིད་ཇུས་བཟང་བོ་མང་ཚོགས་ཀྱི་འགྲམ་དུ་སྤེལ་བ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛོད་དགེ་རྫོང་དུ་རྩ་བ་ཚུགས་ཤིང་འབྲས་བུ་གང་ལེགས་སྨིན་པར་སྐུལ་འདེད་བྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1