ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ་རེད། གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཏི་ཡཱ་སི—ཁཱ་ནེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཏི་ཡཱ་སི—ཁཱ་ནེར་དང་སྐུ་ཟླ་ཁུའེ་སི་ཐཱ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།
ཟླ་11ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཏི་ཡཱ་སི—ཁཱ་ནེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་25ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཁུ་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡཱ་སི—ཁཱ་ནེར་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཁྱེད་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ཀྲུང་གོར་འཚམས་འདྲིར་ཕེབས་མཁན་ལཱ་ཏིང་མེ་གླིང་དང་ཅཱ་ལེ་པི་རྒྱལ་ཁབ་ཀྱི་གཙོ་བདག་དང་པོ་དེ་ཡིན་ཞིང་། དེ་ཐོག་ནས་ཀྲུང་གོ་དང་ཁུ་པ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དམིགས་བསལ་མཛའ་གྲོགས་འབྲེལ་བ་གང་ལེགས་མཚོན་ཡོད། ཁུ་པ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་སའི་གོ་ལའི་ཕྱེད་ནུབ་མའི་རྒྱལ་ཁབ་དང་པོ་དེ་ཡིན། ཀྲུང་གོ་དང་ཁུ་པའི་འབྲེལ་བ་དེ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཟོལ་མེད་རོགས་རེས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུར་ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ང་ཚོས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིར་བཞག་པ་དང་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་ཡིན། ཀྲུང་གོ་དང་ཁུ་པའི་ཏང་གཉིས་པོས་འབྲེལ་གཏུག་ཟབ་མོ་རྒྱུན་འཁྱོངས་བྱས་ནས་ཏང་གཉིས་པོའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱོད་པ་དང་། སྤེལ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་ཡར་ཐོན་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་མར་ཁེ་སི་རིང་ལུགས་ཀྱི་རང་ས་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་པ་དང་རང་སོ་སོའི་རྒྱལ་བབ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཁུ་པ་ནི་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་ཡག་པོ་དང་། བློ་ཁ་མཐུན་པའི་བློ་མཐུན་ཡག་པོ། དཀའ་སྡུག་མཉམ་མྱོང་གི་སྤུན་ཟླ་ཡག་པོ་བཅས་རེད། ཀྲུང་གོ་དང་ཁུ་པའི་སྲོལ་རྒྱུན་མཛའ་གྲོགས་ནི་འགོ་ཁྲིད་པ་རྒན་རབས་སྐུ་ངོ་མས་བཏོད་པ་དང་འབྲེལ་ཐུགས་ནུས་ཡོད་རྒུས་སྐྱེད་སྲིང་གནང་བ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་62སོང་རིང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་ཕྱོགས་ནས་ཀྲུང་གོ་དང་ཁུ་པ་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་གཅིག་སེམས་གཅིག་གཏད་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་སྤེལ་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་རོགས་ཟླ་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཁུ་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་བ་མ་ཟད། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཁུ་པའི་འབྲེལ་བ་དེ་ཕྱི་འབྲེལ་གྱི་སྤྱི་ཡོངས་ཀྱི་དམིགས་བསལ་གནས་བབ་ཐོག་བཞག་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁུ་པའི་ཡུན་རིང་མཛའ་གྲོགས་མཐའ་འཁྱོངས་བྱེད་པའི་བྱེད་ཕྱོགས་དང་། ཁུ་པ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་པར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས། ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་བཙན་དབང་ལ་ངོ་རྒོལ་བྱེད་པའི་བློ་སྟོབས་བཅས་ལ་འགྱུར་ལྡོག་གཏོང་མི་སྲིད། དུས་བབ་གསར་པའི་འོག་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཟབ་ཏུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཁུ་པས་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་དང་བཀག་སྡོམ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཁུ་པ་ཕྱོགས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་ཁུ་པའི་བློ་མཐུན་ཚོར་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་སྔར་ནས་བཟུང་དཔའ་ངར་ཆེར་སྐྱེད་ཀྱིས་གསར་འབྱེད་ཁྲོད་མདུན་སྐྱོད་བྱེད་པ་ཞིག་ཡིན། ཁུ་པའི་བློ་མཐུན་ཚོ་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ལ། ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ་ལག་གདང་སྦྲེལ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མཉམ་ལས་ཀྱི་ངོ་བོ་ནི་ལྷོ་ལྷོ་མཉམ་ལས་ཡིན། ཕན་ཚུན་བརྩི་འཇོག་སྔོན་འགྲོར་བྱེད་པ་དང་། གཉིས་ཁེ་གཉིས་ཕན་རྩ་དོན་དུ་བྱེད་པ། སྒོ་དབྱེ་བསྟུན་མཁས་དམིགས་བསལ་གྱི་ངོ་བོར་བྱེད་པ། ཐུན་མོང་འཕེལ་རྒྱས་དམིགས་ཚད་དུ་བྱེད་པ་བཅས་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་པ་ཞིག་ཡིན་ལ་ས་ཁུལ་དང་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་ཡང་མཐུན་ཡོད། མིག་སྔར་ལཱ་ཏིང་མེ་གླིང་དང་ཅཱ་ལེ་པིའི་ཆབ་སྲིད་ཀྱི་བཀོད་པ་རེས་སྐོར་གསར་པའི་ལེགས་སྒྲིག་ཟབ་མོ་བརྒྱུད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཁུ་པ་ཚུད་པའི་ལཱ་ཏིང་མེ་གླིང་དང་ཅཱ་ལེ་པིའི་རྒྱལ་ཁབ་དང་མཉམ་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་འདྲ་མཉམ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་དུས་རབས་གསར་པར་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་ཐུབ་པ་དང་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མི་དམངས་ལ་དེ་བས་ལེགས་པའི་སྒོ་ནས་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
ཏི་ཡཱ་སི—ཁཱ་ནེར་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་ཐུག་གྲ་ལེགས་འགྲིག་ངང་འཚོགས་རྗེས་ང་རང་ལཱ་ཏིང་མེ་གླིང་རྒྱལ་ཁབ་ཀྱི་གཙོ་བདག་དང་པོའི་ངོས་ནས་ཀྲུང་གོར་འཚམས་འདྲིར་གདན་དྲངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁུ་པའི་ཏང་དང་རྒྱལ་ཁབ་ཀྱི་ཚབ་ཞུས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་སླར་ཡང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་མུ་མཐུད་བཞེས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་བཅས་ཞུ་རྒྱུ་ཡིན། དེ་དག་གིས་འཛམ་གླིང་གི་ཡར་ཐོན་སྟོབས་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། རང་ཉིད་དང་ཁུ་པའི་ཏང་གི་མཐོ་རིམ་ཚང་མས་ཁྱེད་ཀྱིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གནང་བའི་སྙན་སྒྲོན་སློབ་སྦྱོང་ནན་ཏན་བྱས་པ་ཡིན། ཧ་ཅང་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་དུས་བབ་མདུན་དུ་ཁུ་པས་ཀྲུང་གོ་མིག་དཔེར་འཛིན་ནས་གསར་གཏོད་རང་བཞིན་ངང་འགྲན་སློང་ལ་ཁ་གཏད་བཅག་སྟེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཏི་ཡཱ་སི—ཁཱ་ནེར་གྱིས། ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཁུ་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ལཱ་ཏིང་མེ་གླིང་དང་ ཀྲུང་གོའི་གླེང་སྟེགས་དང“རྒྱལ་ཁབ་77གྱི་ཚོགས་པ་+ཀྲུང་གོ”སོགས་ས་ཁུལ་དང་རྒྱལ་སྤྱིའི་ཕྱོགས་མང་ལམ་སྲོལ་ཁྲོད་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ལཱ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་ཆེད། མུ་མཐུད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྐྱར་བསྒྲགས་གནང་བ་རེད།
གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཏང་དབར་གྱི་སྤེལ་རེས་དང་། ཕྱི་འབྲེལ་པུའི་དབར་གྱི་གྲོས་མོལ་ལམ་སྲོལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དངོས་སྒྲུབ་མཉམ་ལས་སོགས་ཕྱོགས་གཉིས་པོའི་ཡིག་ཆར་མིང་རྟགས་འགོད་པར་དཔང་པོ་གནང་བ་རེད།
ཕྱོགས་གཉིས་པོས《དུས་རབས་གསར་པའི་ཀྲུང་གོ་དང་ཁུ་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁུ་པ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།