༄༅།ཏ་ཟིག་ནོར་གྱི་རྒྱལ་པོ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 11-30



ཏ་ཟིག་ནོར་གྱི་རྒྱལ་པོ།



(སྟག་གཟིག) (ཏཱ་སིག)བོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ནང་ཏཱ་སིག་ནོར་གྱི་རྒྱལ་པོའམ་སྟག་གཟིག་ནོར་གྱི་རྒྱལ་པོ་ཞེས་འབྲི་སྟངས་མི་འདྲ་བ་གཉིས་འདུག གང་ལྟར་ཡང་དེ་ནི་ཐོག་མར་ནི་ཨ་ལ་པོ་ཕྱེད་གླིང་གི་ཤར་ཕྱོགས་ཧྲ་ཐེ་ཨ་ལ་པོ་ཟེར་བ་དེ་ཡིན་ཅིང་། པོ་སི་རྒྱ་མཚོའི་ནུབ་ཕྱོགས་སུ་གནས་ཡོད། དུས་རབས་བདུན་པའི་ནང་དབྱི་སི་ལན་གྱི་ཆོས་ལུགས་གསར་གཏོད་མཛད་པ་པོ་མོ་ཧན་མུ་ཏེ་དང་རྗེས་འབྲངས་པ་ཁག་གཅིག་གིས་ཨ་ལ་པོ་རུས་རྒྱུད་ཚོ་པ་ཁག་མཉམ་འབྲེལ་བྱེད་རྒྱུའི་བསམ་བློའི་རྨང་གཞི་བཏིང་། མོ་ཧན་མུ་ཏེ་འདས་པའི་རྗེས་སུ་རིང་པོར་མ་སོང་བར་ཨ་ལ་པོ་རུས་རྒྱུད་ཚོ་ཁག་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་ནི་ལོ་རྒྱུས་ཐོག་ཏཱ་སིག་རྒྱལ་ཁབ་ཟེར་བ་དེ་ཡིན། དུས་རབས་བརྒྱད་པའི་དུས་དཀྱིལ་དུ་ཨ་ལ་པོ་རྒྱལ་ཁབ་དེ་ཁ་བྲལ་ནས་ཤར་ནུབ་རྒྱལ་ཁབ་གཉིས་སུ་གྱུར་ཏེ་ཤར་ཕྱོགས་ཀྱི་རྒྱལ་ཁབ་དེའི་རྒྱལ་ས་ནི་ཀ་ཀེ་ཏཱ(དེང་སང་དབྱི་རག་གི་རྒྱལ་ས)ལ་བཙུགས་པ་དེ་ནི་གོས་ནག་ཏཱ་སིག་ཟེར་ཞིང་། ནུབ་ཕྱོགས་སུ་བཙུགས་པའི་རྒྱལ་ཁབ་དེའི་རྒྱལ་ས་ནི་སི་ཕེན་ཀེར་གྱི་ཏོ་ཝ་ཡིན་པ་དང་། དེ་ལས་གོས་དཀར་སྟག་གཟིག་ཟེར། མཁས་དབང་འགའ་རེས་གསུང་དོན། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་བོད་དང་འབྲེལ་བ་ཡོད་པའི་སྟག་གཅིག་དེ་ནི་གོས་དཀར་སྟག་གཟིག་ཡིན་པ་དང་། (ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ)དུམ་བུ་དང་པོའི་དོན་ཚད༨༣པར་གསལ་བའི་ཏཱ་སིག་ནི་གོས་ནག་ཏཱ་སིག་ཡིན། གོས་ནག་ཏཱ་སིག་གི་སྟོབས་ཤུགས་རྒྱ་བསྐྱེད་བྱུང་ནས་ནུབ་ཕྱོགས་སུ་ཁུལ་དང་ཁྱིམ་མཚེས་ཆགས་སྐབས་དུའུ་ཅིས་ཧྲེ་དང་ས་འབྲེལ་དུ་གནས་པ་དང་འགལ་ཟླ་བྱུང་། བོད་དང་དུའུ་ཅིས་ཧྲེ་འབྲེལ་བ་དམ་ཟས་བྱུང་བའི་གོ་སྐབས་དང་བསྟུན་ཏེ། བོད་ཀྱིས་ནུབ་ཕྱོགས་སུ་རྒྱ་བསྐྱེད་བྱེད་འདོད་ཡོད་པའི་དབང་གིས་ཏཱ་སིག་དང་མི་མཐུན་པར་གྱུར་ཏེ། ཀྲན་ཡོན་ཁྲི་ལོའི་དུས་སུ་བོད་དང་ཏཱ་སིག་བར་དམག་འཁྲུག་རྒྱུན་རིང་བྱུང་མྱོང་ཞིང་། གེ་སར་སྒྲུང་གི{{ཏཱ་སིག་གཡུལ་འགྱེད}}ཅེས་པ་དེ་ཡང་དོན་དངོས་གྱི་གནས་ཚུལ་དེ་གཞིར་བཟུང་ནས་བརྩམས་པ་ཡིན་གསུངས་པ་དེར་རྒྱུ་མཚན་ཆེན་པོ་ཡོད་པ་ཞིག་ཡིན། དེ་ཡང་ཁོ་བོའི་བསམ་པར་དབྱི་ལང་ཡང་སྐབས་དེར་ཨ་ལ་པོའི་སྟོབས་ཤུགས་ཀྱི་འོག་ཏུ་ཚུད་ཟིན་སྟབས་རང་རྒྱལ་དང་ཁྱིམ་མཚེས་སུ་གྱུར་པའི་གོས་ནག་ཏཱ་སིག་གི་ཁོངས་སུ་གཏོགས་པ་ཡིན་ནམ་སྙམ་སྟེ་དཔྱད་པར་ཞུ། གཞན་དཔའ་བོ་གཙུག་ལག་གིས་བརྩམས་པའི{{ཆོས་འབྱུང་མཁས་པའི་དགའ་སྟོན}}ལྕགས་དཔར་མ་སྨད་ཆའི་ཤོག་གྲངས༡༤༡༢ནས༡༤༡༣པ་ལས། དེ་ཡང་གསུང་རབ་རྣམས་ལས་ཧོར་ཡུལ་ཞེས་པའི་མང་དངོས་སུམི་གསལ་ཡང་སྤྱོད་པ་དང་ཆ་ལུགས་སོགས་ཀླ་ཀློ་སྟག་གཟིག་པ་དང་རྗེས་སུ་མཐུན་པས་ཏུ་རུ་ཥྐ་ཞེས་སམ་སྟག་གཟིག་པ་ཞེས་བའི་ཕྱོགས་སུ་གཏོགས་ལ། སྟག་གཟིག་པའི་ཡུལ་གྱི་གཙོ་བོ་ནི་རྒྱ་གར་གྱི་ནུབ་ཕྱོགས་མ་ཁ་དང་མོ་གོལ་སོགས་ཡིན་ལ། རྒྱལ་པོ་ཧུ་ལས་བཟུང་བ་སྟོད་བྷ་ཏད(བྷ་དག་ཤེན)གྱི་ཡུལ་ལ་སྟོད་ཧོར་དུ་གྲགས་ཤིང་། དེའི་དམག་ནུབ་ཕྱོགས་ཨོ་རྒྱན་སོགས་སུ་ལྷགས་པ་ལ་མོ་གོལ་གྱི་དཔུང་དུ་གྲགས་པས་སྟག་གཟིག་པར་ཤིན་ཏུ་གསལ། ཞེས་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དྲུག་པའི{{ཤམ་བྷ་ལའི་རྣམ་བཤད}} {{ཤམ་བྷ་ལའི་ལམ་ཡིག}}ཤོག་གྲངས༨ལས། རྒྱ་སེར་ཞེས་དེང་སང་ཨུ་རོ་སུར(དེ་སྔའི་སུའུ་ལེན)གྲགས་པ་ཏ་ཟིག་པ་ཡིན་པར་བཤད་པ་གཉིས་ཅུང་ཟད་མི་མཐུན་པ་འདུག ངས་མཐོང་བའི་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་གི་ནང་ཏཱ་སིག་ནོར་གྱི་རྒྱལ་པོའམ་ཏཱ་ཟིག་ནོར་གྱི་རྒྱལ་པོ་ཞེས་བྲིས་པའང་འདུག་ཅིང་། སྐབས་རེ་སོག་པོ་པར་པར་སིག་སིག་པ། ཞེས་བྲིས་པ་དང་། ཡང་སྐབས་རེ་སོག་པོ་པར་སོག་ཞེས་བྲིས་ཡོད་པ་དེ་ནི་དེང་སང་རྒྱ་སྐད་དུ་པོ་སི་ཞེས་བྲིས་པ་འདི་དང་གཅིག་མཚུངས་ཡིན་པ་བཅས་གཞིར་བཟུང་ན། བོད་དང་འབྲེལ་བ་ཆེ་བའི་ཏཱ་སིག་ནི་དབྱི་ལང་རྒྱལ་ཁག་ཡིན་ཏེ། རྒྱུ་མཚན་གང་ལགས་ཞེ་ན།

ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཚུང་གི་ཁྲིན་ཀོན་ཁྲི་ལོ་བཅུ་དྲུག(༦༤༢)ལོར་ཏཱ་སིག་ཨ་ལ་པོའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་དབྱི་ལང་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་ནང་དབྱི་ལང་ཕམ་སྟེ། དེ་ནས་བཟུང་ཡོན་རྒྱལ་རབས་ཀྱི་གོང་མ་ཚང་གེར་ཧན་གྱིས་དབྱི་ལང་དབང་བསྒྱུར་མ་བྱས་པར་དུ་དབྱི་ལང་དེ་ཏཱ་སིག་ཨ་ལ་པོའི་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་དུ་གནས་ཡོད་པར་བརྟེན། རྒྱ་ཡིག་གི་ཀྲུང་གོའི་ལོ་རྒྱུས་དང་སུང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དབྱི་ལང་དེ་ཏཱ་སིག་གི་ཁོངས་སུ་བྲིས་ཡོད་པ་རེད། ཡང་རྒྱ་གར་གྱི་ལོ་རྒྱུས་དང་བོད་ཡིག་གི་སྐར་རྩིས་ཀྱི་གཞུང་ཁག་གཅིག་གི་ནང་གསལ་བའི་ཏཱ་སིག་དུ་རུ་ཀཿདང་། རྒྱ་གར་ནུབ་ཕྱོགས་མ་ཁའི་ཡུལ་དུ་སྟག་གཟིག་ཀླ་ཀློའི་ཆོས་ལུགས་ཐོག་མར་བྱུང་ཟེར་བ་དང༌། སྟག་གཟིག་རུ་དུ་ཀཿདམག་དཔུང་གིས་རྒྱ་གར་དང་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ(དེང་སང་གི་ཨ་ཧྥུ་ཧན)སོགས་བཟུང་ནས་སངས་རྒྱས་ཆོས་ལུགས་བསྣུབ་ཅེས་གསལ་བའི་སྟག་གཟིག་ནི་པ་ལ་པོའི་རྒྱལ་ཁབ་ལ་ངོས་འཛིན་དགོས་པ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1