༄༅།། ཐོག་བརྩེགས་མང་བའི་ཁང་ཆེན་དུ་མེ་སྐྱོན་འབྱུང་བ་ལ་སྔོན་འགོག་ཇི་ལྟར་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 11-30



        ཟླ11པའི་ཚེས24ཉིན་གྱི་ཆུ་ཚོད19དང་སྐར་མ49ཡི་སྐབས། ཞིན་ཅང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཐེན་ཧྲན་ཆུས་ཅི་ཞང་སྡེ་ཁུལ་གྱི་ཐོག་བརྩེགས་མང་བའི་ཁང་ཆེན་ཞིག་ཏུ་མེ་སྐྱོན་བྱུང་ནས་མི10ཚེ་ལས་འདས་པ་དང་མི9ལ་རྨས་སྐྱོན་ཕོག་པ་རེད།

        ཐོག་བརྩེགས་མང་བའི་ཁང་ཆེན་དུ་མེ་སྐྱོན་བྱུང་ན། མེ་བསད་དེ་མྱུར་སྐྱོབ་བྱེད་པ་ལ་དཀའ་ཁག་ཧ་ཅང་ཆེ་བས། དེ་རིང་། ང་ཚོས་ཐོག་བརྩེགས་མང་བའི་ཁང་ཆེན་དུ་མེ་སྐྱོན་འབྱུང་བར་སྔོན་འགོག་ཇི་ལྟར་བྱེད་པའི་སྐོར་ལ་རྒྱུས་ལོན་ཞིག་བྱེད།

    གཅིག ཁང་པར་མཛེས་བཟོ་ཡི་རྒྱུ་ཆའི་བདེ་འཇགས་ལ་གཙིགས་ཆེན་བྱེད་པ།

        ཁང་པར་མཛེས་བཟོ་བྱེད་དུས། འབར་རུང་བ་དང་འབར་སླ་བའི་མཛེས་བཟོ་རྒྱུ་ཆ་གཏན་ནས་སྤྱོད་མི་རུང་།

    གཉིས། ཆག་སྐྱོན་བྱུང་བའི་གློག་ཆས་རྣམས་དུས་ཐོག་ཏུ་རྗེ་བ།

        རྒྱུན་པར་ཁྱིམ་གྱི་གློག་ཆས་དང་གློག་སྐུད་ལ་ལྟ་བཤེར་བྱ་དགོས་ཤིང་། རྙིང་ཧྲུལ་དུ་གྱུར་པ་དང་ཕྱི་ཤུན་ལྷུང་བའི་གློག་སྐུད་རིགས་དུས་ཐོག་ཏུ་གསར་བར་བརྗེ་དགོས།

    གསུམ། འབར་སླ་བའི་དངོས་པོ་འཇོག་དུས་གློག་ཁུངས་དང་བར་ཐག་རིང་བར་བྱེད་པ།

        གློག་ཁུངས་ཀྱི་བསྒར་ཁུང་དང་གློག་སྒོ། གློག་ཤུགས་དྲོད་གཏོང་འཕྲུལ་ཆས། མེ་ཐབ་བཅས་ཀྱི་ཉེ་སར་འབར་རུང་བ་དང་འབར་སླ་བའི་དངོས་པོ་འཇོག་མི་རུང་།

    བཞི། ཁྱིམ་དུ་མི་མེད་དུས་གློག་སྒོ་ཚང་མ་གཏན་པ།

        ཕྱིར་འགྲོ་དུས་སམ་ཡང་ན་དགོང་མོ་གཉིད་དུས། འབར་རླངས་ཀྱི་གཅོད་སྒོ་དང་གློག་ཤུགས་དྲོད་གཏོང་འཕྲུལ་ཆས། རླབས་ཐབ་སོགས་ཀྱི་གློག་སྒོ་གཏན་ཡོད་མེད་ལ་ལྟ་བཤེར་བྱ་དགོས།

    ལྔ། རྒྱུན་པར་སྣུམ་དྲེག་གཙང་སེལ་བྱས་ཏེ་མངོན་མེད་རྐྱེན་ངན་མེད་པར་གཏོང་བ།

        དུས་བཅད་ལྟར་ཇ་ཁང་ནང་གི་འབར་རླངས་ཐབ་ཀ་དང་དུད་སྣུམ་རྔུབ་འཕྲུལ་གྱི་སྦུག་ལམ་ནང་གི་སྣུག་དྲེག་གཙང་སེལ་བྱ་དགོས་ཤིང་། ཆུ་ཁོལ་སྐོལ་བ་དང་ཤ་སོགས་གདུ་རུ་འཇུག་དུས། རང་དགར་འཇོག་མི་རུང་།

    དྲུག སྲོག་སྐྱོབ་རྒྱུ་ལམ་གེགས་མེད་ཡིན་པ་ཁག་ཐེག་བྱེད་པ།

        ཁང་པའི་ཕྱི་ནང་དང་ཉི་ཁྱམས། སྒེའུ་ཁུང་། བདེ་འཇགས་རྒྱུ་ལམ། ཐེམ་སྐས་ཀྱི་ནང་སོགས་སྤྱི་པའི་ཁྱབ་ཁོངས་སུ་འབར་སླ་བའི་དངོས་པོ་མི་འཇོག་པ་དང་། རྐུན་འགོག་ལྕགས་དྲའི་ནང་ལ་སྲོག་སྐྱོབ་རྒྱུ་ལམ་འཇོག་པ། མེ་གསོད་རྒྱུ་ལམ་དུ་དགོས་མེད་དངོས་པོ་མི་འཇོག་པར་དེ་ཉིད་ལམ་ལྷོངས་ཡིན་པ་རྒྱུན་འཁྱོངས་བྱ་དགོས།

    བདུན། ཁྱིམ་དུ་མེ་གསོད་ཡོ་བྱད་སྟབས་བདེ་རེ་ཉར་འཇོག་བྱེད་པ།

        ཁྱིམ་དུ་ཕྱེ་རྡུལ་མེ་གསོད་ཆས་དང་མེ་གསོད་ས་གདན། དུ་འགོག་གདོང་འབག སྲོག་སྐྱོབ་ཐག་པ། བྱེད་ནུས་མང་བའི་གློག་བཞུ། མེ་གསོད་ལག་ཤུབས་སོགས་སྟབས་བདེའི་མེ་གསོད་ཡོ་བྱད་རེ་ཉར་འཇོག་བྱ་དགོས།

    བརྒྱད། སྒྲིག་ཆས་ལེགས་པོར་སྤྱོད་པ་དང་རང་འགུལ་ངང་ཞིག་གསོ་བྱེད་པ།

        སྒོ་ལམ་ནང་གི་མེ་གསོད་སྒམ་གྱི་ཉེ་འཁོར་དུ་དགོས་མེད་དངོས་པོ་མི་འཇོག་པ་དང་། མེ་གསོད་ཆུ་སྦུག་གི་སྦྲེལ་མཚམས་དང་སྦུ་གུ་སོགས་ལེགས་པོར་བཞག་སྟེ་མེ་གསོད་ཆུ་ཡོང་ཐུབ་པ་ཁག་ཐེག་བྱ་དགོས།

    དགུ། འབར་རུང་བའི་ཆར་ཁེབས་མེད་པར་གཏོང་བ།

        ཁྱིམ་དུ་རྒྱུ་ཆ་སྤོས་འགྱིག་ཡིན་པའི་འབར་རུང་ཆར་ཁེབས་གཏན་ནས་སྒྲིག་འཇོག་མི་བྱེད་པ་དང་། ངེས་པར་དུ་སྒྲིག་འཇོག་བྱེད་ན། འབར་མི་ཐུབ་པའི་ལྕགས་རིགས་རྒྱུ་ཆའི་ཆར་ཁེབས་འཇོག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1