༄༅།། མདོ་སྨད་དཔའ་ལུང་ས་ཆའི་གཅན་ཚའི་མ་ཎིའི་ལོ་རྒྱུས་རྟོག་ཞིབ་ཟིན་བཀོད།

བཀྲ་གོས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-02


ཕག་གྲུ་དུས་ཀྱི་མདོ་སྨད་དཔའ་ལུང་ས་ཆའི་གཅན་ཚའི་མ་ཎིའི་ལོ་རྒྱུས་རྟོག་ཞིབ་ཟིན་བཀོད།

བཀྲ་གོས་བྲིས་ཤིང་པར་མཁོ་འདོན་བྱས།

དཔའ་ལུང་ས་ཆའི་གཅན་ཚའི་མ་ཎི།

 དང་པོ། གཅན་ཚའི་མ་ཎིའི་གནས་ཡུལ་དང་མིང་གི་ཐོགས་ཚུལ་སྤྱི་བཤད།

 གཅིག །གཅན་ཚའི་མ་ཎིའི་གནས་ཡུལ་ངོ་སྤྲོད།

        གཅན་ཚའི་མ་ཎི་བཞེངས་པའི་གནས་ཡུལ་ནི་དེང་གི་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གི་ནང་སྟོད་གྲོང་བརྡལ་དུ་ཡོད་ཅིང་། དཔའ་ལུང་རྫོང་མཁར་ནས་ནང་སྟོད་གྲོང་བརྡལ་བར་དུ་སྤྱི་ལེ20ཡོད་པའི་སར་ཆགས་ཡོད། དེ་ལ་སའི་གོ་ལའི་བྱང་གི་འཕྲེད་ཐིག་36°10'11"གི་མཚམས་དང་། ཤར་གྱི་གཞུང་ཐིག་102°3'46"གི་མཚམས་སུ་ཡོད། མཚོ་ངོས་ལས་མཐོ་ཚད་ལ་སྨི་2650ཡོད་པ་དང་། སའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1800ཡོད་པ་དང་། དེའི་ཉེ་ལོགས་སུ་སྡེ་པ་འགའ་ཡོད་པ་ནི་གཅན་ཚའི་མ་ཎིའི་མཆོད་གཞིས་སམ་བདག་པོ་ཡིན་ཟེར། དེའི་མིང་ལ་སོ་སྨན་ལྕང་ཤར་ཚོ་པ་བཅུ་གཉིས་ཞེས་འབོད། དེ་དག་ནི་རི་སྒམ་ནང་དང་། གར་སྐྱ། སྐུ་འབུམ་ནང་། གླག་མང་། སེང་ག་ར། སྟག་བརྒྱ། རི་བཟང་རྩ། གར་སྨུག་འོད་ཐང་། དམེ་རྒྱ། བོད་ཁ་བ། ནང་སྟོད་བཅས་ཡིན།

ནང་སྟོད་ལུང་པ།

གཅན་ཚ་ཉིན་སྲིབ།

 གཉིས། གཅན་ཚའི་མ་ཎི་ཞེས་པའི་མིང་གི་ཐོགས་དོན།

        གཅན་ཚ་ཞེས་པ་ནི་ས་མིང་ཞིག་ཡིན། མ་ཎི་ནི་ཆུས་སྐོར་བའི་མ་ཎི་འཁོར་ལོ་ལ་ཟེར། མ་ཎི་དེའི་མིང་ཆ་ཚང་ལ་གཅན་ཚ་མ་ཎིའི་ཆུ་འཁོར་ཞེས་འབོད་མོད། འོན་ཀྱང་ཡུལ་འདིའི་མི་རྣམས་ཀྱིས་གཅན་ཚའི་མ་ཎི་ཞེས་འབོད་པ་དེ་རྒྱུག་ཆེ་ཞིང་ད་ལྟའི་བར་དུ་རྒྱུན་འབྱམས་སུ་སོང་ཡོད་ཅིང་། ཡུལ་འདིའི་མི་ལ་ལས་སྤྱན་འབྱེད་མ་ཎི་དང་མ་ཎི་ནག་ལྡང་ཞེས་འབོད་པའང་ཡོད། དེའི་རྒྱུ་མཚན་ནི་སྤྱན་འབྱེད་མ་ཎི་ཟེར་དོན་ནི་རྒྱལ་བུ་དྲི་མེད་ཀུན་ལྡན་ཡབ་ཀྱིས་རྒྱང་འབུད་དུ་མདོ་སྨད་དཔའ་ལུང་ས་ཆའི་དན་ཏིག་ཏུ་བཏང་བ་དང་། ཁོང་ནི་གཏོང་ཕོད་ཆེ་བས་རང་གི་མིག་འབྲས་ཀྱང་སྦྱིན་པར་བཏང་། ཕྱིས་སུ་གཅན་ཚའི་མ་ཎི་བརྒྱུད་སྐབས་མ་ཎིའི་གཟུངས་ཆུ་འཐུང་ནས་མིག་འབྱེད་པའི་ངག་རྒྱུན་བཤད་རྒྱུ་ཡོད། དོན་ལ་སྒྲུང་འདི་ནི་སངས་རྒྱས་ཀྱི་སྐྱེས་རབས་སུ་འཕགས་པ་རྒྱལ་བུ་དོན་གྲུབ་ཀྱི་མདོ་ལས་བྱུང་བ་རྣམས་དང་མཐུན་པར་བསྒྲིགས་པའི་བོད་ཀྱི་ཟློས་གར་ལྷ་མོའི་འཁྲབ་གཞུང་ཞིག་ཡིན། དེ་ནི་དད་པའི་དག་སྣང་ལས་ཕར་བཏགས་པ་ཞིག་རེད། མ་ཎི་ནག་ལྡང་ཟེར་པ་ནི་མ་ཎི་འཁོར་བར་བྱེད་པའི་ཆུ་འདི་ནི་ཧ་ཅང་གཙང་མའམ་དྭངས་མོ་ཡིན་པར་མ་ཟད། ཆུ་འགོ་སྣ་གཅིག་ཡིན་ཡང་དབྱར་ཁར་ཆར་ཆུ་ཇི་ལྟར་བབས་ཀྱང་ཆུ་འགོ་ཇེ་རྒྱས་སུ་མི་འགྲོ་བ་དང་། ཉི་མའི་ཚ་བ་སོགས་ཇི་ལྟར་ཆེ་ཡང་ཆུ་སྐམ་རྒྱུ་སོགས་མེད་པར་ཆུའི་ཆེ་ཆུང་རྒྱུན་ལྡན་ལྟར་ཚད་གཅིག་བྱས་ནས་བཞུར་བས་ཡུལ་འདིའི་སྐད་དུ་མ་ཎི་ནག་ལྡང་ཞེས་པའི་སྒྲ་ལྟར་འབོད། དོན་ལ་ངག་རྒྱུན་འདི་དག་ནི་གཅན་ཚའི་མ་ཎི་ལ་ཆེ་བརྗོད་བྱས་པ་མ་གཏོགས་གཞན་གང་ཡང་མིན་པར་སྙམ། ཡིན་ནའང་ད་ལྟའི་དུས་ཀྱི་དཔའ་ལུང་རྫོང་གི་ནང་སྟོད་གྲོང་བརྡལ་དུ་ཡོད་པའི་མ་ཎིའི་ཆུ་འཁོར་འདི་ལ་གཅན་ཚའི་མ་ཎི་ཞེས་པའི་མིང་གི་ཐོགས་དོན་ནམ་ལོ་རྒྱུས་རྒྱབ་ལྗོངས་རགས་ཙམ་བརྗོད་ན། སྤྱིར་བོད་ཀྱི་ལོ་རྒྱུས་འབྲི་སྲོལ་ལས། རི་ཆུ་ལ་བལྟས་ནས་ཤར་ལྷོ་ནུབ་བྱང་ངམ་ཉིན་སྲིབ་བཅས་སུ་དབྱེ་སྟེ་ཚོ་སྡེ་ཤོག་གསུམ་གྱི་ལོ་རྒྱུས་བརྗོད་པ་ཅུང་གོམས་སྲོལ་དུ་གྱུར་པ་ནི་དཔེར་ན། ཙོང་ལ་རིང་མོའི་ཉིན་སྲིབ་དང་། སྲིན་པོ་རིའི་ཉིན་སྲིབ། རེབ་གོང་དགུ་ཆུའི་ཉིན་སྲིབ།མཚོ་སྔོན་པོའི་ཉིན་སྲིབ། ཙོང་ཆུའི་ལྷོ་དང་རྨ་ཆུའི་བྱང་རྒྱུད་བཤད་པ་ལྟ་བུའི་སྒོ་ནས་འབྲི་ཚུལ་ཡོད། དེ་བཞིན་དུ་གཅན་ཚ་ཞེས་པའི་མིང་འདི་ལ་མཚོན་ནའང་གནའ་སྔ་མོའི་དུས་སུ། གཅན་ཚ་ཉིན་སྲིབ་བམ་ཡང་ན་དམངས་ཁྲོད་ཀྱི་ཡུལ་སྐད་དུ་གཅན་ཚ་ཉིན་ལྟ་དང་ཧྲིབ(སྲིབ)ལྟ་ཞེས་འབོད་བཞིན་ཡོད། དེའི་རྒྱུ་མཚན་ནི་གཅན་ཚ་ཉིན་སྲིབ་ནི་རྨ་ཆུ་དཀྱིལ་དུ་བཟུང་ནས་བཤད་པ་ཞིག་སྟེ། དེང་གི་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ནི་རྨ་ཆུ་སྔོན་མོས་བར་ཆོད་ནས་ཕན་ཚུན་ཁ་གཏད་དུ་ལངས་པའམ་ཁྱིམ་མཚེས་སུ་ཆགས་ཤིང་། དེང་གི་དཔའ་ལུང་རྫོང་གི་མངའ་ཁོངས་ཏེ་རྨ་ཆུ་འགྲམ་རྒྱུད་དུ་ཆགས་པའི་ཚོ་སྡེ་ཤོག་གསུམ་མང་པོ་ཞིག་ལ་སྔོན་གྱི་དུས་སུ་གཅན་ཚ་ཉིན་ལྟ་ཞེས་འབོད་པ་དང་། དེང་གི་གཅན་ཚ་རྫོང་གི་རྨ་ཆུ་འགྲམ་རྒྱུད་དུ་ཆགས་པའི་ཚོ་སྡེ་ཤོག་གསུམ་མང་པོར་སྔོན་གྱི་དུས་སུ་གཅན་ཚ་སྲིབ་ལྟ་ཞེས་འབོད་ཅིང་། སའི་ཆགས་དབྱིབས་ལ་བརྟེན་ནས་ཉི་མའི་འོད་ཀྱིས་རྒྱག་ཕྱོགས་ཀྱི་དབང་གིས་ཉིན་དང་སྲིབ་ཏུ་ངོས་བཟུང་རྐྱེན་གནའ་སྔ་མོར་གཅན་ཚ་ཉིན་སྲིབ་གཉིས་སུ་འབོད་པ་དེ་གྲགས་ཆེ་ཞིང་། གནའ་དུས་སུ་གཅན་ཚའི་ཉིན་སྲིབ་ཀྱི་ཡུལ་གྲུ་འདིར་གཉུག་མའི་ལྡོང་གི་མི་རྒྱུད་ཡོད་པར་མ་ཟད། བཙན་པོའི་དམག་གི་རུ་སྡེ་དང་ཆོས་ལུགས་མི་སྣ་སོགས་སླེབས་པའི་ངག་རྒྱུན་ཤིན་ཏུ་མང་། དེ་ལ་ཐོག་མར་གཅན་ཚ་ཞེས་པའི་མིང་གི་ཐོགས་སྟངས་ལ་བཤད་ཚུལ་མང་སྟེ། ༡.གཅན་ཚ་ནི་གནའ་བོའི་བོད་ཀྱི་ཚ་ཆེན་བཅོ་བརྒྱད་དུ་འབོད་པའི་ཡ་གྱལ་ཡིན་ཞིང་ལྡོང་གི་ཚ་བོ་རྣམས་ཀྱིས་གནའ་སྔ་མོའི་དུས་སུ་མདོ་སྨད་རྨ་ཆུ་འབབ་ཡུལ་གྱི་འགག་འཕྲང་དོག་མོ་འདི་བདག་འཛིན་བྱས་ནས་བསྡད་པ་དང་། དེ་ལྟར་གནའ་སྔ་མོ་ཞིག་ནས་ཡུལ་ཕྱོགས་འདིར་རུས་ཚ་ཅན་རྣམས་འཚོ་སྡོད་བྱེད་སའི་ཡུལ་ཡིན་པས་ཚ་ཡུལ་ལམ་ཚ་རོང་དུ་གྲགས་པ་སོགས་ཀྱི་ངག་རྒྱུན་ཡོད། ༢.གཅན་འཕྲང་དང་རྨ་ཆུའི་ཚ་འགྲམ་གཉིས་ཀྱི་བསྡུས་མིང་སྟེ། གཅན་འཕྲང་ཞེས་པ་འཕྲང་འགག་གི་དོན་ཡིན་པས་སྟོད་ན་སུམ་པ་འགག་དང་སྨད་ན་ཤ་བོ་འགག་ཡོད་པའི་བར་གྱི་རྨ་ཆུའི་ཉིན་སྲིབ་ཕྱོགས་ཀྱི་འགྲམ་ངོགས་ལ་གོ། ༣.གཅན་གཟའ་ནི་སྔོན་ཆད་གཅན་ཚའི་ཉིན་སྲིབ་ཀྱི་ཡུལ་ལུང་ཧྲིལ་པོར་ནགས་ཚལ་སྟུག་པོས་གཡོགས་ཡོད་ཕྱིར་ཡུལ་འདི་ནི་ཐོག་མར་གཅན་གཟན་གྱིས་བཟུང་བའི་ཆ་ནས་གཅན་གཟན་ནམ་གཅན་གཟའ་ཟེར་ཞིང་རིམ་གྱིས་གཅན་གཟའ་འམ་གཅན་ཚར་བརྡ་འགྱུར་བར་བཤད། ༥.གཅན་ཚ་ཉིན་སྲིབ་ཀྱི་ཐོག་མའི་དཔོན་གྱི་རུས་གཅན་ཡིན་པ་དང་དབང་ཆ་ཚ་བོར་སྤྲད་པས་གཅན་ཚ་ཞེས་པའི་མིང་བྱུང་བར་བཤད་པ་སོགས་ལས་གཅན་ཚ་ཞེས་པའི་མིང་ནི་དེང་གི་རྫོང་གཉིས་ཀྱི་རྨ་ཆུའི་འགྲམ་ངོགས་གཉིས་སམ་ཉིན་སྲིབ་ལ་བརྟེན་ནས་ཐོགས་ཚུལ་དེ་བསྟན་ཡོད། མདོར་ན། གཅན་ཚ་ནི་ལྡོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་ཚ་བོ་རྣམས་ཀྱིས་རྨ་ཆུའི་ཉིན་སྲིབ་ཀྱི་རྫ་རི་དང་བྲག་རི་གཟར་མོ། འཕྲང་འགག་དོག་ཅིང་ལུང་བ་ཟབ་ལ། ས་བཙན་པ། ཀླུ་གཉན་ས་དང་གཅན་གཟན་གདུག་པ་ཅན་འདུ་བའི་ཡུལ་གྲུ་འདི་དག་ནས་གནས་གཞི་བཟུང་བའི་ཆ་ནས་གཅན་ཡུལ་དང་། བཙན་པོ་ཁྲི་རལ་གྱི་གོང་དུ་མཐའ་མཚམས་སྲུང་དུ་མངགས་པའི་དམག་དཔོན་གྱི་མིང་ལ‘ལ་གཅན'ཞེས་ཟེར་བ་དང་། ཡང་ལ་ལས་སྔོན་གྱི་སྐད་དུ་ཁྲལ་སྡུད་མཁན་ལ‘ལ་གཅན་པ’ཞེས་ཟེར་པ་དང་། ཡང་ལ་ལས་འགག་འཕྲང་དོག་མོའི་ཡུལ་དུ་ཁྲལ་སྡུད་མཛད་པས‘ལ་གཅན་པ’ཞེས་ཟེར། གང་ལྟར་དམག་དཔོན་ཁོ་རང་འགག་འཕྲང་དོག་མོའི་ཡུལ་གྱི་དཔོན་པོར་བསྐོས་པའི་རྗེས་སུ།ས་གནས་ཀྱི་ཁྱད་ཆོས་སམ་ལས་ཀའི་ངོ་བོ་ལ་བརྟེན་ནས་གཅན་ཞེས་བྱུང་བ་དང་། ལྡོང་གི་ཚ་བོའམ་ཚ་རོང་རྣམས་ཀྱི་དཔོན་པོ་མཛད་དེ་གཅན་ཚའམ་གཅན་ཚ་ཉིན་སྲིབ་ཀྱི་དཔོན་པོ་ཞེས་པའི་མིང་སོགས་བྱུང་བར་སྙམ་ལ། གཞན་ཡང་མདོ་སྨད་ཆོས་འབྱུང་དང་བྱ་ཁྱུང་གདན་རབས་སོགས་སུའང་དཔའ་ལུང་ས་ཆའི་སོ་སྨན་ལྕང་ཤར་ཚོ་པ་བཅུ་གཉིས་ཀྱི་ནང་དུ་མ་འདུས་པའི་དཔའ་ལུང་ས་ཆའི་རྨ་ཆུའི་འབབ་ཡུལ་གྱི་སྡེ་ཚོ་མང་པོའི་མིང་གི་མགོར་གཅན་ཚ་བཞག་ཡོད་པ་ནི་དཔེར་ན་གཅན་ཚའི་ཁོ་ཚེ་དང་། གཅན་ཚའི་གོང་ཡུ།གཅན་ཚའི་རི་ལམ། གཅན་ཚའི་ཨ་འདར་ཆ་ག་སོགས་མང་། དེ་བས་འདི་དག་ལ་གཞིགས་ན་གཅན་ཚའི་མ་ཎི་ཞེས་པའི་གཅན་ཚ་ནི་གཅན་ཚ་ཉིན་སྲིབ་ཅེས་པའི་གཅན་ཚ་ཉིན་ལྟ་སྟེ་དེང་གི་དཔའ་ལུང་ས་ཆའི་རྨ་ཆུའི་འབབ་ཡུལ་དུ་གནས་པའི་ཚོ་སྡེ་བྱིངས་ལ་གཅན་ཚ་ཉིན་ལྟ་རུ་འབོད་པའི་ལོ་རྒྱུས་རྒྱབ་ལྗོངས་ཀྱི་གནས་བབ་རིང་མོའི་འོག་ནས་ད་གཟོད་གཅན་ཚ་ཞེས་པ་དེ་རྨང་གཞི་བྱས་ཏེ་གཅན་ཚའི་མ་ཎི་ཞེས་པའི་མིང་དེ་རྒྱུན་མཐུད་ནས་ཡོང་བ་ལས་དེང་གི་དཔའ་ལུང་རྫོང་གི་ནང་སྟོད་ས་ཆའི་ཚོ་པ་བཅུ་གཉིས་ནི་གཅན་ཚ་རྫོང་གི་གཅན་ཚའི་ཐང་ནས་མཆེད་དེ་ཡུལ་དེར་གཅན་ཚའི་མ་ཎིའམ་གཅན་ཚའི་ལུང་པ་ཞེས་ཐོགས་པར་བརྗོད་ན་དེ་ནི་ལོ་རྒྱུས་ཡིག་ཚང་མ་མཐོང་པའི་སྐྱོན་དང་ལུང་ཐབ་ཁུང་ནང་གི་སྐད་ཆ་ལས་གཟུར་གནས་མཁས་པའི་གཏམ་ནི་མིན་པར་འདོད།

གཅན་ཚའི་མ་ཎི།

    གཉིས་པ། གཅན་ཚའི་མ་ཎི་འདེབས་མཁན།

    གཅིག །ཆོས་རྗེ་དོན་གྲུབ་རིན་ཆེན་ནི་ཕག་གྲུའི་དུས་སྐབས་སུ་བྱོན་པ་དང་རབ་གནས་མཛད་ཚུལ།

        དགེ་ལྡན་བསྟན་པའི་མེས་པོ། ཆོས་རྗེ་དོན་གྲུབ་རིན་ཆེན་ནི་རབ་བྱུང་ལྔ་པའི་ས་མོ་བྱའི་ལོར(སྤྱི་ལོ1309)སྐུ་བལྟམས། གཞོན་ནུའི་དུས་ནས་སངས་རྒྱས་བསྟན་པའི་སྒོར་ཞུགས་ཏེ། དབུས་སུ་ལན་གཉིས་ཞབས་བསྐྱོད་དེ་མདོ་སྔགས་རིག་གནས་ཀུན་ལ་ཐུགས་བྱན་ཆུད། ཁྱད་པར་དུ་ཞྭ་ལུར་གྲྭ་སྐོར་མཛད་དེ། ཕྱོགས་ཐམས་ཅད་ནས་འགྲན་ཟླ་དང་བྲལ་བས་བུ་སྟོན་ཐམས་ཅད་མཁྱེན་པས་མདོ་སྨད་ཤར་ཕྱོགས་ཀྱི་རིགས་པའི་དཔའ་བོ་ཞེས་བསྔགས་བརྗོད་ཆེན་མོ་བྱས། སྒོས་སུ་བླ་མ་མཆིམས་བློ་བཟང་གྲགས་པ་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་གསན་སྐབས་ཤིག་ཁྱེད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་དུ་བྱ་ཁྱུང་ཞེས་པར་དགོན་པ་ཐོབ་ལ་སྒྲུབ་པ་སྙིང་པོར་མཛོད། སློབ་མ་མཁས་གྲུབ་མང་པོ་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་། དེ་ལ་ངའི་མིང་ཐོགས་དང་བསྟན་པ་ལ་ཕན་ཐོགས་ཁྱད་པར་ཅན་འབྱུང་ཞེས་གསུངས་པ་ལ་གཞི་བྱས་ཏེ། མདོ་སྨད་དུ་བྱ་ཁྱུང་གི་གནས་འཚོལ་ཆེད་རེབ་གོང་ཤ་སྦྲང་དང་། སྣང་ར། གླས་རྐང་ཤིང་མཁར་སོགས་བརྒྱུད་ནས་ཤ་སྦྲང་དུ་བཤད་གྲྭ་བཙུགས་པ་དང་། སྣང་ར་རུ་སྣང་རའི་གསེར་ཁང་བཞེངས་པ། གླས་རྐང་ཤིང་མཁར་དུ་ཁོང་གི་དབུ་ཞྭ་བསྙེལ་བའི་ཤུལ་དུ་ཕྱིས་སུ་མིང་ལ་ཞྭ་ལ་བཙས་ཏེ་ཨ་མྱེས་ཤིང་མཁར་ཞེས་པའི་ལ་བཙས་བསྟད་ཅིང་། དེ་ནི་བྱ་ཁྱུང་དགོན་པའི་མདུན་རིར་དམིགས་པ་དང་། དེ་རྒྱས་པ་བྱུང་ན་བྱ་ཁྱུང་དགོན་པ་དགེ་བའི་རྟེན་འབྲེལ་ཡིན་པར་གྲགས་པའི་ངག་རྒྱུན་སོགས་མང་། དེ་ལྟར་མདོ་སྨད་དུ་བྱ་ཁྱུང་དགོན་པ་འདེབས་ཆེད་དང་རྗེ་ཙོང་ཁ་པ་བསྐྱངས་པའི་ཞོར་དུ་ཆོས་ལུགས་ཀྱི་བྱེད་སྒོ་མང་དུ་སྤེལ། གཅན་ཚའི་མ་ཎིའང་གནས་བབ་དེ་འདྲ་ཞིག་གི་འོག་ནས་བཏབ་པར་མ་ཟད། ཁོང་ནི་སྤྱི་ལོ1309ལོར་སྐུ་བལྟམས་པས་དུས་སྐབས་དེ་ནི་བོད་ཀྱི་ས་སྐྱ་བའི་སྲིད་སྐྱོང་མཇུག་རྫོགས་ནས་ཕག་གྲུ་པས(1349-1618)སྲིད་སྐྱོང་པའི་དུས་སྐབས་སུ་འཁེལ་ཡོད་པས་ཆོས་རྗེ་དོན་གྲུབ་རིན་ཆེན་ནི་ཕག་གྲུ་དུས་སྐབས་ཀྱི་མི་ཞིག་ཡིན་པ་གཏན་འཁེལ་བྱ་ཐུབ་ལ། ཁོང་ནི་སྐབས་དེར་མདོ་སྨད་དུ་གདུལ་བྱ་རྒྱས་ཡོད་ཕྱིར། གཅན་ཚའི་མ་ཎི་ནི་ཁོང་ལ་བརྟེན་ནས་བྱུང་བ་ནི་གདོན་མི་ཟ། དེ་བས་གཅན་ཚའི་མ་ཎི་ཆུ་འཁོར་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། ཀརྨ་རོལ་བའི་རྡོ་རྗེ་སོགས་ཀྱིས་རབ་གནས་མཛད། ནང་གི་གཅིག་ལ་དུས་བཟང་རྣམས་སུ་རིལ་བུ་འབབ་ཞེས《མདོ་སྨད་ཆོས་འབྱུང་》གི་ཤོག་ངོས209རུ་གསུངས་ཡོད་པ་དང་། ཡང《བྱ་ཁྱུང་གདན་རབས》ཀྱི་ཤོག་ངོས་272སུ་གཅན་ཚའི་མ་ཎི་ཆུ་འཁོར་གྱི་ནང་གཞུག་ཏུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་སྙིང་པོར་ཕུལ་ཡོད་ལ་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། ཀརྨ་རོལ་བའི་རྡོ་རྗེ་སོགས་ཀྱིས་རབ་གནས་མཛད། ནང་གི་གཅིག་ལ་དུས་བཟང་རྣམས་སུ་རིལ་བུ་འབབ་པར་གྲགས་ཞེས་གསུངས་ཡོད་པ་དང་། བླ་མ་ཚེ་རིང་དང་རིན་ཆེན་མཁའ་འགྲོ་གཉིས་ཀྱིས་བརྩམས་པའི《དཔའ་ལུང་བོད་ཀྱི་ལོ་རྒྱུས་རགས་བཤད་དམ་སྲིད་པའི་གནས་བདག་བ་ཡན་པ》ཞེས་པའི་ཤོག་ངོས155རུ། གཅན་ཚའི་མ་ཎི་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས1377ལོར་བཏབ་པར་བརྗོད་པ་དང་། 《དཔའ་ལུང་རྫོང་གི་ལོ་རྒྱུས》ཞེས་པའི་ཤོག་ངོས་116ཏུ། གཅན་ཚའི་མ་ཎི་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་1399ལོར་བཏབ་པར་བརྗོད་ཡོད་པ་སོགས་ལ་གཞིགས་ན། གཅན་ཚའི་མ་ཎི་འདེབས་མཁན་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ཞིང་ཀརྨ་རོལ་བའི་རྡོ་རྗེ་ལ་སོགས་པའི་སྐྱེས་ཆེན་དུ་མས་རབ་གནས་མཛད་པའང་ཤེས་ཐུབ།

ཆོས་རྗེ་དོན་གྲུབ་རིན་ཆེན།

    གཉིས། མ་ཎི་ཕྱག་འཁོར་དང་ངག་རྒྱུན་རི་མོར་བཀོད་པའི་མཐོང་སྣང་གི་ལོ་རྒྱུས།

        གཅན་ཚའི་མ་ཎི་ནི་དང་ཐོག་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མ་ཎི་ཕྱག་འཁོར་ལ་བརྟེན་ནས་བྱུང་བའི་བཤད་ཚུལ་ནི་འདི་འདྲ་ཞིག་ཡོད་དེ། གཅན་ཚའི་མ་ཎིའི་བདག་པོ་སྟེ་སོ་སྨན་ལྕང་ཤར་ཚོ་པ་བཅུ་གཉིས་ཀྱི་རང་གི་ཡུལ་ཁམས་ལ་རྟག་ཏུ་བཀྲ་ཤིས་བདེ་ལེགས་འབྱུང་ཆེད་ཆོས་རྗེའི་མདུན་སར་རྟེན་སྐལ་ཞིག་སློང་དུ་སོང་བར། ཆོས་རྗེས་རང་ཉིད་ཀྱི་ཕྱག་འཁོར་དངུལ་བྲིས་མ་ཚོ་པ་འདི་རྣམས་ལ་རྟེན་སྐལ་དུ་གནང་ཞིང་། ཚོ་པ་བཅུ་གཉིས་ཀྱིས་ཕྱག་འཁོར་དེ་སྡེ་ཚོ་གང་གིས་དོ་དམ་བྱེད་པ་ལ་མ་འཆམ་པས་མཐར་ཚོ་པ་བཅུ་གཉིས་ཀྱི་ས་དབུས་གང་ལ་འཁེལ་བ་དེར་བཞུགས་རྒྱུའི་གྲོས་འཆམ་བྱུང་བར་བཤད། གང་ལྟར་བཤད་ཚུལ་འདི་ལས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་དེ་གཅན་ཚའི་མ་ཎིའི་གཟུངས་གཞུག་ཏུ་བཞག་ནས་མ་ཎིའི་ཆུ་འཁོར་ཐོག་མར་བྱུང་བ་དེ་བརྗོད་པ་དང་། ཡང་ད་ལྟའི་གཅན་ཚའི་མ་ཎིའི་འདུ་ཁང་གི་སྒོ་ཆེན་གྱི་འགོ་རུ་ཤིང་ལེབ་འགའི་སྟེང་དུ་དང་ཐོག་གཅན་ཚའི་མ་ཎིའི་བཟོ་བཀོད་རིམ་པ་དེ་ཇི་ལྟར་ཡིན་པ་རི་མོའི་ལམ་ནས་གསལ་བཤད་རགས་ཙམ་བྲིས་ཡོད་པ་ནི། གནས་འདིའི་རྒྱབ་རི་དཀར་པོ་རྫ་རྒན་ནས་འབབ་པའི་ཆུ་བོ་ཡན་ལག་བརྒྱད་ལྡན་གྱི་གྲམ་ཆུ་འགྲམ་དུ་གྱང་གྱན་གང་ཅན་གྱི་ཁང་ལེབ་ཏུ་མ་ཎི་འཁོར་ལོ་གཅིག་བསྐོར་བ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་དང་ཀརྨ་རོལ་བའི་རྡོ་རྗེ་གཉིས་ཡིན་ཟེར་བའི་གྲྭ་པ་གཉིས་ཀྱིས་རབ་གནས་གནང་པའི་ཚུལ་མཛད་པ། བར་དུ་མ་ཎི་ཆུ་འཁོར་གྱན་གཅིག་པུ་དེའང་གྱན་ལྔ་རུ་བཏང་ནས་གྱན་རེར་མ་ཎི་ཆུ་འཁོར་རེ་བཞུགས་སུ་བཅུག་པ། མཐའ་མར་མ་ཎི་གྱན་ལྔ་པོ་དེའང་ཇེ་རྒྱས་སུ་བཏང་ནས་ཁང་པ་ཐོག་བརྩེགས་གཉིས་སུ་ཕུབ་སྟེ་སྟེང་དུ་རྒྱ་ཕིབས་ཀྱི་གཡོགས་པ། འདུ་ཁང་གི་ཕྱི་བསྐོར་ཡོངས་སུ་མཁར་གྱང་གིས་བསྐོར་ནས་ཡོད། དེ་ལྟར་གཅན་ཚའི་མ་ཎི་ཇི་ལྟར་བཞེངས་པའི་ངག་རྒྱུན་དང་ལོ་རྒྱུས་རྣམས་རི་མོའི་ལམ་ནས་རགས་ཙམ་ཤེས་ཐུབ་པ་དང་། དེ་བཞིན་དུ་ལོ་རྒྱུས་ཡིག་ཚང་དང་དངོས་ཡོད་གནས་བབ་སོགས་ལ་བརྟག་ན་གཅན་ཚའི་མ་ཎི་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་པར་མ་ཟད། སྐྱེས་ཆེན་དུ་མས་རབ་གནས་དང་ཞབས་ཀྱིས་བཅགས་པ་སོགས་ཀྱིས། ད་ལྟའི་གནས་བབ་འདི་འདྲ་ཞིག་ལ་སླེབས་པའང་ཤེས་ཐུབ།

རྒྱལ་སྲིད་སྣ་བདུན།

གནས་བརྟན་བཅུ་དྲུག་གི་ལྡེབས་རིས།

 གསུམ་པ། གཅན་ཚའི་མ་ཎིའི་གནས་སྤོར་དང་ལྡེབས་རིས། རྟེན། གཟུངས་སྔགས་སོགས་ཀྱི་སྐོར།

        གཅན་ཚའི་མ་ཎིའི་དང་ཐོག་གི་འདེབས་ཡུལ་ནི་ནང་སྟོད་ལུང་བའི་གྲམ་པ་ནང་ཟེར་བ་དེ་ཡིན་ཞིང་། ཕྱིས་སུ་གྲམ་པ་ནང་ཞེས་པ་དེའི་གོང་གི་འོད་སྐོར་ཞེས་པའི་སར་གནས་སྤར། དེ་ནས་ཡང་མ་ཆགས་པར་མཇུག་མཐའི་གནས་སྤོར་ནི་དེང་གི་གནས་ཏེ་ལྷ་དབང་རྩ་རུ་སྦར་བ་ཡིན། འདིར་གནས་སྤོར་བྱེད་རྐྱེན་གྱི་ཐད་དུ་གཏམ་རྒྱུད་འདི་འདྲ་ཞིག་བཤད་རྒྱུ་ཡོད་དེ། རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་བདེ་ཡངས་སྙན་གྲགས་རྒྱ་མཚོ་མཆོག་བྱ་ཁྱུང་དགོན་པ་ནས་ཁོང་གི་ཞབས་ཕྱི་དང་མཉམ་དུ་གཅན་ཚའི་མ་ཎིའི་གནས་སུ་བྱོན་པ་ན། རྡོ་ནག་པོ་ཞིག་གི་སྟེང་དུ་སྦལ་བ་ཞིག་འདུག་པ་དེའི་མགྲིན་པ་ནས་སྒྲ་བྱུང་པ་ལ། ཁོང་གིས་ཡུད་ཙམ་ཞིག་དགོངས་ནས། ནང་དོན་ཐུགས་ལ་བཞེས་ཏེ་ཡར་ཕེབས། དེ་ནས་ཞབས་ཕྱི་པས་ཁོང་ལ་ཞུས་པ། སྦལ་བ་དེས་ཅི་ཟེར་གིན་ཡོད་ཅེས་ཞུས་པ་ན། ཁོང་གིས་གསུངས་རྒྱུར། སྦལ་བ་དེས་མ་ཎི་ཡར་ནས་བཞེངས་ན་བཟང་། ངས་ཆུ་སྦྱིན་ཞེས་བཤད་པ་རེད། སྦལ་པ་དེ་ནི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་རེད། འོ་ན་རྡོ་བ་ནག་པོ་དེ་ཅི་རེད་ཅེས་ཞུས་པ་ན། ཁོང་གིས་ཞལ་ནས་རྡོ་བ་ནག་པོ་དེ་གསེར་ནག་རེད་ཅེས་གསུངས། ཞབས་ཕྱི་པ་རྡོ་དེ་ལེན་དུ་སོང་པ་ན་རྡོ་དེ་མི་འདུག །དེ་འདྲའི་གནས་བབ་ཀྱི་འོག་ནས་མ་ཎི་ཁང་ནི་དེང་གི་གནས་འདིར་བཞེངས་པར་བཤད། དེ་ནས་ང་བརྒྱད་ཀྱི་ལོར་མ་ཎི་ཁང་ལ་གཏོར་བཤིག་ཐེབས་པ་དང་། ཕྱིས་སུ་ཆོས་ལུགས་སླར་གསོ་བྱས་རྗེས། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ལྔ་བཅུ་རྩ་དགུ་པ་ཤིང་མོ་གླང་གི་ལོ་སྟེ། 1985ལོར་གསར་དུ་བཞེངས་པའི་འགོ་བརྩམས་ཏེ། རབ་བྱུང་བཅུ་བདུན་པའི་བགྲང་བྱ་དང་པོ་མེ་མོ་ཡོས་ཀྱི་ལོ་སྟེ། 1987ལོར་ལེགས་པར་གྲུབ། ཀ་གདུང་དང་ཤིང་བརྩེགས་སོགས་ཤིང་ཆ་ཕལ་ཆེར་ནི་རྒྱ་ནག་ཤར་བྱང་གི་ཕྱོགས་དང་། ཁྲོ་ཞན་རྒྱལ་ཁབ་བཅས་ནས་མེ་འཁོར་གྱིས་དྲངས་པའང་ཡོད། ཤིང་བཟོ་རྣམས་ཀ་ཆུ་མཆོད་རྟེན་དཀར་པོ་ནས་འོངས། གཙུག་ལག་ཁང་གི་སྟེང་དུ་གཡུ་ཕོག་ཕུབས་པ་ནི། ཤར་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་གྱི་གྲོང་ཁྱེར་ཆེན་པོ་ཧྥུ་ཅན་ནས་མེ་འཁོར་གྱིས་དྲངས། རབ་བྱུང་བཅུ་བདུན་པའི་བགྲང་བྱ་གཉིས་པ་སྤྱི་ལོ་1988ལོའི་ས་ཕོ་འབྲུག་གི་ལོར་གསེར་ཚོན་ཕུལ། དེ་ཡང་གསེར་བཙོ་མས་བྲིས་པའི་ལྷ་ཁང་ཕྱི་ནང་གི་གཟུངས་སྔགས་ཟབ་མོ་རྣམས་དང་། བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་དང་། ཕྱི་ནང་གི་ལྡེབས་རིས་སོགས་མེ་ཏོག་གསར་པ་སྣ་ཚོགས་དུས་གཅིག་ཏུ་བཞེད་པ་ལྟ་བུའི་ཚོན་རྩིའི་འོད་འབར་བ་ཐམས་ཅད་ཟླ་བ་ལྔ་ཙམ་གྱིས་ལེགས་པར་གྲུབ་བོ། །

ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་དངུལ་བྲིས་ཅན་སྙིང་པོར་བཞུགས་པའི་མ་ཎིའི་འཁོར་ལོ་ཆེན་པོ།

མཆོད་པའི་ལྷ་མོ།

        དེ་ལྟར་ད་ལྟའི་གཅན་ཚའི་མ་ཎིའི་འདུ་ཁང་གི་ཕྱི་ནང་བཀོད་པ་རགས་ཙམ་བརྗོད་ན། འདུ་ཁང་གི་སྒོ་ཆེན་གཡས་གཡོན་གྱི་ལྡེབས་རིས་སུ་རྒྱལ་ཆེན་རིགས་བཞི་ཡོད་ལ། དེའི་གོང་གི་ཀ་ལྕམ་གྱི་བར་དུ་ཤིང་ལེབ་བཏིང་ཡོད་པའི་ངོས་སུ་གཅན་ཚའི་མ་ཎི་ཐོག་མའི་བྱུང་རིམ་གྱི་བཀོད་པ་རི་མོའི་ལམ་ནས་བྲིས་ཡོད་པ་དང་། སྒོ་ཆེན་གྱི་གཡས་གཡོན་དུ་སྒོ་ཆུང་གཉིས་ཡོད་ཅིང་། ཁ་ཡར་སྒོ་ཆེན་དུ་གཏད་ན་ལག་པ་གཡོན་ཕྱོགས་ཀྱི་ཁྱམས་སུ་ཀླུ་དབང་རྒྱལ་པོའི་ལྡེབས་རིས་བཞུགས་པ་དང་། དེ་ལྟར་གཡོན་ཕྱོགས་ཏེ་བྱང་གི་སྒོ་ཆུང་དེའི་མགོ་རུ་ཚངས་པ་གདོང་བཞིའི་ལྡེབས་རིས་བཞུགས་པ་དང་། དེ་ནས་ནང་དུ་སོང་ན་ལྡེབས་རིས་གསུམ་ཡོད་ཅིང་། ལྡེབས་རིས་དང་པོ་ནི་རྒྱལ་སྲིད་སྣ་བདུན་དང་གཉིས་པ་དང་གསུམ་པ་ནི་གནས་བརྟན་བཅུ་དྲུག་གི་སྐུ་བཞི་རེ་སྟེ་བརྒྱད་རེ་བྱས་ཏེ་འདུ་ཁང་གི་གཡས་གཡོན་དུ་བཅུ་དྲུག་པོ་ཁ་གཏད་དུ་ཡོད་པར་མ་ཟད། རྒྱའི་བཤད་ཚུལ་ལྟར་ན། གནས་བརྟན་བཅོ་བརྒྱད་དུ་བགྲངས་པས་འདུ་ཁང་གི་སྒོ་ཆུང་གཉིས་ཀྱི་ནང་ཕྱོགས་ཀྱི་ཀླད་དེ་ནུབ་ཕྱོགས་སུ་རྒྱ་ནག་ཧྭ་ཤང་དང་བྱང་ཕྱོགས་སུ་དྷརྨ་ཏཱ་ར་གཉིས་ལྡེབས་རིས་སུ་བྲིས་ནས་ཁ་ཚང་བར་བྱས་ཡོད། དེ་ནས་མཇལ་མཁན་རང་ཉིད་ཀྱི་ཁ་མ་ཎིའི་ཕྱོགས་སུ་འཁོར་ན་གཡོན་གྱི་ཁ་ཕྱོགས་ནི་ཤར་ཡིན་ཏེ། གཡོན་ནས་འགོ་བཙུགས་ཏེ་བརྩི་ན་གྱན་དང་པོའི་མ་ཎིའི་སྦྱིན་བདག་ནི་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་ཡིན་ཞིང་། དེའི་ནང་དུ་སྲུང་མ་མགོན་པོ་ཆོས་དྲག་པ་ལ་བཞུགས་ཡོད། དེ་ནས་རིམ་བཞིན་གྱན་གཉིས་པའི་ནང་དུ་གཙོ་སྐུ་ནི་ཇོ་སྐུ་དང་གཡོན་དུ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་སྐུ། གཡས་སུ་རྣམ་ཐོས་སྲས་ཀྱི་སྐུ་བཞུགས། གྱན་གསུམ་པའི་ནང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཕྱག་འཁོར་དངུལ་བྲིས་ཅན་སྙིང་པོར་བཞུགས་པའི་མ་ཎིའི་འཁོར་ལོ་ཆེན་པོ་དང་དེའི་གཡོན་དུ་ཆོས་རྗེ་དོན་རིན་གྱི་སྐུ། གཡས་སུ་སྒྲོལ་མའི་སྐུ།རྒྱབ་ལོགས་སུ་སྤྱན་རས་གཟིགས་སྤྱན་སྟོང་ཕྱག་སྟོང་གི་ཐང་ཀ་བཞུགས་ཡོད། གྱན་བཞི་པའི་ནང་དུ་གཙོ་སྐུ་ནི་མཁན་པོ་བོ་ངྷི་ས་ཏྭ་དང་། གཡོན་དུ་སློབ་དཔོན་པདྨ་འབྱུང་གནས།གཡས་སུ་ཁྲི་སྲོང་ལྡེ་བཙན་ཏེ་མཁན་སློབ་ཆོས་གསུམ་བཞུགས། གྱན་ལྔ་པའི་ནང་དུ་དཔའ་རིས་བ་བཟའ་གན་ཆེན་དགོན་པའི་གནས་བརྟན་འཇམ་དབྱངས་འོད་ཟེར་སོགས་ཀྱིས་བཞེངས་པའི་མ་ཎི་འཁོར་ཆེན་གཅིག་བཞུགས། ལྷོ་ནུབ་ཀྱི་ལྡེབས་རིས་ངོས་སུ་གནས་བརྟན་བཅུ་དྲུག་གི་སྐུ་བཞི་རེ་སྟེ་བརྒྱད་དང་མཆོད་པའི་ལྷ་མོ་ཡོད། དེ་ནས་སྒོ་ཆུང་གི་ཀླད་དུ་རྒྱ་ནག་ཧྭ་ཤང་གི་ལྡེབས་རིས་ཡོད་ཅིང་། དེ་ལྟར་འདུ་ཁང་ནང་གི་ནུབ་ནས་བྱང་དུ་རིམ་བཞིན་བལྟས་ན་ད་ལྟའི་མ་ཎི་ཁང་དང་སངས་རྒྱས་སྨན་བླ་གཙོ་སྐུ་ཡིན་པའི་མཐའ་འཁོར་དུ་རྗེ་བཙུན་འཇམ་པའི་དབྱངས་དང་། རྗེ་བཙུན་བྱམས་པ་མགོན་པོ། དཔལ་ཕྱག་ན་རྡོ་རྗེ། རྗེ་བཙུན་ལོ་མ་གྱོན་མ་ཡོད་པ་གཉིས་ཀྱི་ལྡེབས་རིས་སྒོ་ཆེན་གྱི་གཡས་གཡོན་དུ་བྲིས་ཡོད་པ་དང་། འདུ་ཁང་འདིའི་ཕྱིའི་ནུབ་ཕྱོགས་ཏེ་གཡས་ཕྱོགས་ཀྱི་སྒོ་ཆུང་གི་ཀླད་དུ་ལྷ་ཡི་དབང་པོ་བརྒྱ་བྱིན་མིག་སྟོང་ཅན་ཡོད་པ་དང་། ཁྱམས་སུ་གཙོ་སྐུ་ནི་ཨ་མྱེས་རྨ་ཆེན་ཡིན་པའི་ཚོ་པ་བཅུ་གཉིས་ཀྱི་ཡུལ་ལྷ་གཞི་བདག་གི་ལྡེབས་རིས་ཡོད།

དེང་གི་གཅན་ཚའི་མ་ཎི་ཁང་ནི་ལྡེབས་རིས་སུ་བཀོད་པ།

སངས་རྒྱས་སྨན་བླ།

        གཟུངས་སྔགས་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་སྔགས། ཆོས་རྗེ་དོན་གྲུབ་རིན་ཆེན་དང་། རྗེ་རིན་པོ་ཆེ་དང་། རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ། མཁན་པོ་རིན་པོ་ཆེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོ་རྣམས་ཀྱི་མཚན་སྔགས་དང་། ཚེ་ལྷ་རྣམ་གསུམ། རིགས་གསུམ་མགོན་པོ། བདེ་གསང་འཇིགས་གསུམ། ཀུན་རིག་མི་འཁྲུགས་པ། གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ་མའི་གཟུངས་རིང་ཐུང་། ལོ་གྱོན་མ། འོད་ཟེར་ཅན་མ། ཏཱ་རེ་རྣམས་གསེར་བཟང་པོ་འབའ་ཞིག་གིས་བྲིས་ཤིང་། སྐུ་གཟུགས་རྣམས་ཀྱི་གཟུངས་གཞུག་ཏུ་སངས་རྒྱས་འོད་སྲུངས་ཀྱི་འཕེལ་གདུང་དང་། ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་ལས་བབས་པའི་འཕེལ་གདུང་སོགས་རིང་བསྲེལ་ཡུངས་འབྲུ་ལྟ་བུ་རྣམས་དང་། སྐུ་གདུང་རིང་བསྲེལ། མདོ་སྡེ་བསྐལ་བཟང་། འཕགས་པ་བརྒྱད་སྟོང་བ། གཟུངས་ཆེན་སྡེ་ལྔ་སོགས་ཆོས་སྐུའི་རིང་བསྲེལ། ལྷ་སའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་གཟུངས་གཞུགས་ལས་བྱུང་བའི་བཙོ་ཐལ་ཟེར་བ་དང་། རྒྱ་བོད་མཁས་གྲུབ་དུ་མའི་ན་བཟའ་དང་དབུ་ལོ་སོགས་སྐུ་བལ་གྱི་རིང་བསྲེལ་སོགས་དང་། གཞན་ཡང་སྨན་བཟང་པོ་དྲུག་དང་། ཨ་རུ་ར། ཙན་དན་དཀར་དམར། སྤང་སྤོས། ད་ལིས་མེ་ཏོག །མེ་ཏོག་ཙམ་པ་ཀ་སོགས་སྨན་རྒྱ་མ་ལྔ་བརྒྱ་ལྷག་གིས་གང་བར་ཕུལ་བས་གཙུག་ལག་ཁང་དུ་དྲི་ཞིམ་པས་ཁྱབ་པར་གྱུར། ཁྱམས་ལྔ་པ་ཅན་གྱི་གཙུག་ལག་ཁང་འདིའི་སྐོར་ཚད་ནི། སྐོར་བ་སྟོང་ཕྲག་ལྔ་དང་བརྒྱ་ཡིན། དེ་ཡང་ལྷ་ཁང་ཕྱི་རོལ་དུ་སྐོར་བ་སྟོང་ཕྲག་ལྔ་དང་བརྒྱ་སོང་ན། ནང་གི་རྟེན་གྱི་གཙོ་བོ་མ་ཎིའི་ཆུ་འཁོར་ཆེན་པོ་ལ་སྐོར་བ་འབུམ་ཕྲག་གཅིག་ལྷག་འགྲོ་བའི་དབང་དུ་བྱས་ཤིང་། མ་ཎི་འཁོར་ཆེན་གསུམ་པོའང་ཆུ་འཁོར་ཡིན།

རྒྱ་ནག་ཧྭ་ཤང་།

དྷརྨ་ཏཱ་ར།

ཨ་མྱེས་རྨ་ཆེན་གཙོ་སྐུ་ཡིན་པའི་ཡུལ་འདིའི་གཞི་བདག་རྣམས།

    བཞི་པ། གཅན་ཚའི་མ་ཎིའི་ཐད་ཀྱི་བསམ་གཞིགས།

        མདོ་སྨད་དཔའ་ལུང་ས་ཆའི་གཅན་ཚའི་མ་ཎི་ནི་དགེ་ལྡན་པའི་མེས་པོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ་ནས་ད་ལྟའི་བར་དུ་ལོ་ངོ་དྲུག་བརྒྱ་དང་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད་པའི་ཆུ་འཁོར་མ་ཎི་ཁང་ཞིག་ཡིན་པར་མ་ཟད། དེ་ལ་བཀའ་གདམས་པ་དང་། དགེ་ལུགས་པ། རྙིང་མ་བ་ལ་སོགས་པའི་གྲུབ་མཐའི་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་། ལྷག་པར་དུ་དེའི་སྐུ་གསུང་ཐུགས་རྟེན་དང་། ལྡེབས་རིས་བཅས་ལས་ནང་བསྟན་གྱི་ལོ་རྒྱུས་སྲོག་ཤིང་དུ་བཟུང་སྟེ་བོད་ཀྱི་ལོ་རྒྱུས་སྤྱི་དང་བྱེ་བྲག་ཏུ་ས་གནས་སྐྱེས་བུ་དམ་པའི་ལོ་རྒྱུས་བཀོད་པ། ཁྱད་པར་དུ་རྒྱལ་ཁབ་བདེ་ཞིང་འབངས་རྣམས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ། རྒྱ་བོད་ཀྱི་རིག་གནས་དང་ལག་རྩལ་ཟུང་འབྲེལ་དང་མི་རིགས་འཆམ་མཐུན། ལུས་ཟུངས་བདེ་སྟེར། ཡུལ་ལུང་སྲུང་སྐྱོབ། མི་དང་ཁོར་ཡུག་འཆམ་མཐུན་ཡོང་བ་བཅས་མཚོན་པའི་རིག་གནས་སྣ་མང་གི་ཤུལ་བཞག་སྣ་ཚོགས་ཡོད་པར་མ་ཟད། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཏབ་པའི་གཅན་ཚའི་མ་ཎིའི་རིག་གནས་ཤུགས་རྐྱེན་ལ་བརྟེན་ནས་གནས་འདིར་གཅན་ཚའི་ནང་སྟོད་དཀར་མོ་ཕུག་ཏུ་རྗེ་ཙོང་ཁ་བ་ཆེན་མོའི་རྒྱལ་ཚབ་ཁྲི་ཆེན་ངག་དབང་མཆོག་ལྡན་ཞེས་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་དེ་ཉིད་འཁྲུངས་ཤིང་། སེར་བྱེ་བའི་ལྷ་རམས་པ་སྦྱིན་པ་ཀུན་བཟང་ཞེས་གྲགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དང་། གད་སྐྱ་ཟེར་བར་ཟབ་རྒྱས་མན་ངག་གི་གཏེར་མཛོད། ཇོ་བོ་བཀའ་གདམས་པའི་རྣམ་ཐར་བདག་གིར་བཞེས་པ། རྗེ་ངག་དབང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོ་དང་། བྲག་དམར་སྡེ་པར་དགའ་ལྡན་བྱང་རྩེ་མཁན་པོ། རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོ་སོགས་སྐྱེས་ཆེན་དམ་པ་མང་པོ་བྱུང་པར་མ་ཟད། གནས་འདིའི་སོ་སྨན་ལྕང་ཤར་ཚོ་པ་བཅུ་གཉིས་གཙོ་བྱས་པའི་བོད་མི་རྣམས་ཀྱི་བསམ་པའི་འདུ་ཤེས་ཀྱི་འབྲེལ་ཐག་ཀྱང་གཅིག་ཏུ་བསྡུས་ཡོད། གཞན་ཡང་ལོ་རེའི་ལུགས་རྙིང་གི་ཟླ་ལྔ་པའི་ཚེས་ལྔ་ཉིན་སངས་རྒྱས་སྨན་བླ་འཇིག་རྟེན་དུ་བྱོན་པའི་སྲོལ་རྒྱུན་གྱི་ཆོ་ག་ཞིག་ཡོད། ཉིན་དེར་ནང་སྟོད་ལུང་བའི་མི་རྣམས་མ་ཎི་ཆུ་འཁོར་ཆེན་མོའི་འདུ་ཁང་དུ་འོང་ནས་ཆུ་ཁ་རེག་པ་དང་། ཁྲུས་བྱས་ན་ལུས་ཀྱི་ནད་དུག་སེལ་བར་བཤད། དེ་དང་མཐུད་ནས་མང་ཚོགས་རྣམས་ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཀྱི་བར་དུ་གཅན་ཚའི་མ་ཎིའི་ཉེ་འཁོར་དུ་ཁྲོམ་འཚོགས་བརྒྱབ་ནས་གླུ་ལེན་གར་རྩེད་བྱེད་པ་དང་། དེ་དང་ཆབས་ཅིག་ཏུ་རྒྱ་བོད་ཧའེ་གསུམ་གྱི་མགྲོན་པོ་དང་ཚོང་པའང་མང་པོ་འདུས་པས་དཔལ་འབྱོར་གྱི་ཡོང་སྒོ་གཉེར་བའི་ཞོར་དུ་མི་རིགས་ཕན་ཚུན་བར་དུ་རྒྱུས་ཡོད་དང་བརྩི་འཇོག་བྱས་རྐྱེན་སྤྱི་ཚོགས་འཆམ་མཐུན་ཀྱང་བསྐྲུན་བཞིན་ཡོད། གཞན་ཡང་གནས་འདིའི་ནང་སྟོད་ཚོ་བ་བཅུ་གཉིས་ཆགས་སའི་ཡུལ་སྡེ་མང་པོ་ཞིག་རྒྱུ་རྐྱེན་གང་མང་དབང་གིས་རུ་ལ་སོང་བའི་ཤུལ་དུ་ད་ལྟ་ཁ་ཆེ་དང་རྒྱ་ནག་གི་དུད་ཚང་མང་པོ་བབས་པར་མ་ཟད། སྡེ་མིང་ཚང་མ་ཐོག་མའི་བོད་མིང་སོར་བཞག་བྱས་ཏེ་བཞག་ཡོད་ཅིང་། ད་ལྟའི་གཅན་ཚའི་མ་ཎིའི་ཆུ་འཁོར་བཞེངས་སའི་གོང་དུ་ཚོ་བ་བཅུ་གཉིས་གྲས་ཀྱི་བོད་སྡེ་འགའ་རེ་ཡོད་པ་དང་། ཞོལ་དུ་ཚོ་པ་བཅུ་གཉིས་ཀྱི་གྲས་སུ་གཏོགས་པའི་བོད་མི་རྣམས་མེད་པར་ཁ་ཆེ་གཙོ་བྱས་པའི་རྒྱ་ནག་གཉིས་ཀྱིས་བཟུང་ནས་སྡེ་མིང་ནི་བོད་མིང་མ་འགྱུར་པར་ཡོད། མདོར་ན་གཅན་ཚའི་མ་ཎིའི་ཆུ་འཁོར་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ད་ལྟའི་བར་དུ་ནང་སྟོད་གྲོང་གི་རྒྱ་བོད་ཧའེ་གསུམ་གྱི་མདུན་དུ་རང་ཉིད་ཀྱི་ལོ་རྒྱུས་འགྲེམས་སྟོན་མཛད་ནས་ལོ་ངོ་དྲུག་བརྒྱ་ལྷག་ལ་འགྱིང་ངེར་གནས་པ་ནི་ཇི་འདྲའི་ངོ་མཚར་ཆེ་ལ། གཞན་ཡང་དད་ལྡན་གྱི་སྐྱེ་བོ་མང་པོའི་བློ་རྩེ་གཏོད་ས་དང་སེམས་ཁམས་དྭངས་མར་བྱེད་སའི་གནས་འགངས་ཆེན་ཞིག་ཡིན་པ་སོགས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེ་སྙམ་མོ། །

གཅན་ཚའི་མ་ཎི་ཡི་བཞེངས་རིམ་དེ་ལྡེབས་རིས་སུ་བཀོད་པ།

ཀླུ་དབང་རྒྱལ་པོ།

དད་ལྡན་རྣམས་ཀྱིས་གཟུངས་ཆུ་ཁ་རེག་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1