༄༅།། རྒན་རྒོན་ཚོར་འགོག་སྨན་རྒྱག་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-06



        ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་《རྒན་རྒོན་ལ་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞི》ཞེས་པ་དཔར་འགྲེམ་བྱས་ནས། རྒན་རྒོན་ལ་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པའི་ལས་དོན་ལ་སྔར་བས་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་རེད།

        རྒན་རྒོན་ལ་འགོག་སྨན་རྒྱག་དགོས་དོན་ཆེན་པོ་ཡོད་དམ། རྒན་རྒོན་གྱིས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་པའི་བྱ་ཐབས་ཡོད་དམ། མིག་སྔར་རང་རྒྱལ་གྱི་རྒན་རྒོན་ལ་འགོག་སྨན་བརྒྱབ་པའི་གནས་ཚུལ་གང་འདྲ་ཡིན་ནམ། སྤྱི་དམངས་ཀྱིས་དོ་ཁུར་ཆེ་བའི་རྒན་རྒོན་ལ་ཏོག་གསར་ནད་དུག་གི་འགོག་སྨན་རྒྱག་པ་དང་འབྲེལ་ཡོད་ཀྱི་གནད་དོན་འདི་དག་ཐད། གསར་འགོད་པས་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་འཕྲོད་བསྟེན་རིམས་ཐར་སིའི་སི་ཀྲང་ཞ་ཀང་ལ་བཅར་འདྲི་ཞུས་ཡོད།

    ༡ དྲི་བ། ཁྱིམ་གྱི་རྒན་རྒོན་ལོ་80ལྷག་ལ་སོན་ཡོད་ཅིང་། ཕྱིར་ཐོན་ཚད་ཧ་ཅང་ཉུང་བས། འགོག་སྨན་རྒྱག་དགོས་དོན་ཡོད་དམ།

        ལན། ཐེངས་འདིའི་ལས་དོན་ཇུས་གཞིའི་ནང་། ལོ་80ཡན་གྱི་མི་ཚོགས་ལ་འགོག་སྨན་རྒྱག་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་དགོས་ཤིང་། ལོ་60ནས་79ཡི་བར་གྱི་མི་ཚོགས་ལ་འགོག་སྨན་རྒྱག་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་པའི་རེ་བ་བཏོན་ཡོད།

        ང་ཚོས་གཞི་རིམ་རྟོག་ཞིབ་ཁྲོད་ནས་ཤེས་རྟོགས་བྱུང་བར། ད་དུང་འགོག་སྨན་བརྒྱབ་མེད་པའི་རྒན་རྒོན་མི་ཚོགས་ལ་ཕྱོགས་གསུམ་ཐད་ཀྱི་གནས་ཚུལ་ཡོད་དེ། གཅིག་ནི་ཏོག་གསར་ནད་དུག་འགོ་བའི་ཉེན་ཁའི་འདུ་ཤེས་མི་འདང་བ་སྟེ། རང་ཉིད་ཀྱི་ཉིན་རྒྱུན་གྱི་འགུལ་སྐྱོད་ཁྱབ་ཁོངས་ཆེན་པོ་མེད་པས། ནད་དུག་དང་འཕྲད་པའི་གོ་སྐབས་ཅུང་ཉུང་བར་འདོད་པ། གཉིས་ནི་རང་ཉིད་ལ་རྨང་གཞིའི་རང་བཞིན་གྱི་ན་ཚ་ཡོད་པས། འགོག་སྨན་བརྒྱབ་ན་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཐོན་སྲིད་པར་སེམས་ཁུར་བྱེད་བཞིན་པ་དང་། འགོག་སྨན་རྒྱག་དགོས་མིན་ཐད་ཐེ་ཚོམ་ཟ་བཞིན་ཡོད། གསུམ་ནི་རྒན་རྒོན་ཁག་གཅིག་གི་འགུལ་སྐྱོད་བྱེད་ནུས་ཉམས་ཡོད་པར་བརྟེན། འགོག་སྨན་རྒྱག་པར་འགྲོ་མི་བདེ་བ་བཅས་ཡིན།

        ཕྱོགས་འདི་གསུམ་གྱི་གནད་དོན་ལ་དམིགས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་སྒྲིག་གཞིས་བྱེད་ཐབས་ཁ་ཤས་བཏོན་ཡོད་དེ། དེའི་ཁྲོད་གཙོ་ཆེ་ཤོས་ནི་མང་ཚོགས་དང་རྒན་རྒོན་རྣམས་ཀྱི་འགོག་སྨན་རྒྱག་པའི་ཐད་ཀྱི་ངོས་འཛིན་མཐོ་རུ་གཏོང་བ་དེ་ཡིན། རྒན་རྒན་རྣམས་ལ་རྨང་གཞིའི་ནད་རིགས་ཅུང་མང་བས། གལ་སྲིད་ཏོག་གསར་ནད་དུག་འགོས་ན། ནད་གཞི་ལྕི་མོ་དང་ཉེན་ཚབས་ཆེ་བའི་ནད། ཐ་ན་འཆི་ཉེན་ཡང་ཅུང་ཆེ། དེའི་ཕྱིར་རྒན་རྒོན་ལ་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ན་ཕན་པ་ཆེན་པོ་ཐོབ་ཐུབ། འགོག་སྨན་ནི་བདེ་འཇགས་དང་ནུས་ལྡན་ཡིན། རྒྱ་ཆེའི་རྒན་རྒོན་རྣམས་ཀྱིས་ཏོག་གསར་ནད་དུག་གི་འགོག་སྨན་ཧུར་ཐག་གིས་བརྒྱབ་ནས། རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུར་ལྷག་བསམ་རྣམ་དག་གིས་འབོད་སྐུལ་བྱེད་པ་ཡིན།

    ༢ དྲི་བ། རྒན་རྒོན་རྣམས་ཀྱིས་འགོག་སྨན་རྒྱག་པར་སྟབས་བདེ་བསྐྲུན་པའི་བྱ་ཐབས་གང་དག་ཡོད་དམ།

        ལན། 《རྒན་རྒོན་ལ་ཏོག་གསར་ནད་དུག་འགོག་སྨན་རྒྱག་པའི་ལས་དོན་ལ་ཤུགས་སྣོན་པའི་སྐོར་གྱི་ཇུས་གཞི》ཡིས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མཐིལ་རྟོགས་ཡག་པོ་བྱེད་པ། ཞབས་ཞུ་ལེགས་གཏོང་། དྲིལ་སྒྲོག་ཞིབ་ཕྲ་ཅན་དུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་དང་སྐུལ་སྤེལ་བྱས་ཡོད།

        འགོག་སྨན་རྒྱག་པའི་ཞབས་ཞུ་ལེགས་སུ་གཏོང་བའི་ཐད། འགོག་སྨན་རྒྱག་པའི་ཞབས་ཞུའི་དྲོད་འཁོལ་དང་སྟབས་བདེའི་རང་བཞིན་སྔར་བས་མཐོ་རུ་གཏོང་རྒྱུ།

        དུས་རིམ་གོང་མའི་ཉམས་མྱོང་གི་རྨང་གཞིའི་སྟེང་། རྒན་རྒོན་ལ་འགོག་སྨན་རྒྱག་པའི་ཤར་བགྲོད་ལམ་བུ་མུ་མཐུད་འཛུགས་པ། དེ་དང་ཆབས་ཅིག་གནས་སྐབས་འགོག་སྨན་རྒྱག་ཡུལ་དང་། སྐོར་སྐྱོད་འགོག་སྨན་རྒྱག་པའི་རླངས་འཁོར་བཀོད་སྒྲིག་བྱས་ནས། རྒན་རྒོན་རྣམས་ཀྱིས་འགོག་སྨན་རྒྱག་རྒྱུར་སྟབས་བདེ་བསྐྲུན་རྒྱུ།  བྱེད་ནུས་ཉམས་པའམ་བྱེད་ནུས་ཕྱེད་ཀ་ཉམས་པའི་རྒན་རྒོན་ལ། ནད་བརྟག་སྨན་བཅོས་དང་འགོག་སྨན་རྒྱག་པའི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྨན་དོན་མི་སྣ་བཀོད་སྒྲིག་བྱས་ཏེ། སྒོ་རྩར་སོང་ནས་རྒན་རྒན་རྣམས་ལ་འགོག་སྨན་རྒྱག་པ་དང་། ལེགས་ཤིང་དྲོད་འཁོལ་ལྡན་པའི་ལས་ཀའི་ཞབས་ཞུ་ཡིས། རྒན་རྒན་རྣམས་པར་བློ་སེམས་བདེ་མོས་འགོག་སྨན་རྒྱག་དུ་འཇུག་རྒྱུ། གཞན་ཡང་། སྨན་དོན་མི་སྣས་འགོག་སྨན་རྒྱག་སྐབས་རྒན་རྒན་རྣམས་ཀྱི་དོགས་གཞིར་ངང་རིང་གིས་ལན་འདེབས་པ་དང་། རྒན་རྒོན་གྱི་བདེ་ཐང་གནས་ཚུལ་ལ་དཔྱད་དཔོག་བྱས་ནས། འགོག་སྨན་རྒྱག་པའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    ༣ དྲི་བ། མིག་སྔར་རང་རྒྱལ་གྱི་རྒན་རྒོན་རྣམས་ལ་འགོག་སྨན་བརྒྱབ་པའི་གནས་ཚུལ་གང་འདྲ་ཡིན་ནམ། གོ་རིམ་རྗེས་མར་ལས་ཀའི་གཙོ་གནད་གང་དག་ཡོད་དམ།

        ལན། རང་རྒྱལ་གྱི་རྒན་རྒོན་རྣམས་ལ་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་པའི་སྤྱིའི་གནས་ཚུལ་ཅུང་ལེགས་མོད། འོན་ཀྱང་ལོ་ན་མི་འདྲ་བའི་བར་ཧེ་བག་ཡོད་དེ། ལོ་80ཡན་གྱི་རྒན་རྒོན་ལ་འགོག་སྨན་བརྒྱབ་ཚད་ད་དུང་མཐོ་པོ་མེད། དེ་བས་ཕྱོགས་གཅིག་ནས་སྤྱིའི་ཆ་ནས་རྒན་རྒོན་ལ་འགོག་སྨན་རྒྱག་ཚད་མཐོ་རུ་གཏོང་དགོས་ལ། ཕྱོགས་གཞན་ཞིག་ནས་ལོ་80ཡན་གྱི་རྒན་རྒོན་ལ་འགོག་སྨན་རྒྱག་ཚད་གཙོ་གནད་ཐོག་སྐུལ་འདེད་དང་མཐོ་རུ་གཏོང་དགོས།

        ཟླ་11པའི་ཚེས་28ཉིན་བར་དུ། རང་རྒྱལ་གྱི་ལོ་60ཡན་གྱི་རྒན་རྒོན་90.68%ལ་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཟིན་པ་དང་། 86.42%ལ་བརྒྱུད་རིམ་ཧྲིལ་པོའི་འགོག་སྨན་བརྒྱབ་ཟིན། རང་རྒྱལ་གྱི་ལོ་80ཡན་གྱི་རྒན་རྒོན་ལ་བརྒྱུད་རིམ་ཧྲིལ་པོའི་ཏོག་གསར་ནད་དུག་གི་འགོག་སྨན་བརྒྱབ་ཚད་65.8%ཡིན།

གོམ་སྟབས་རྗེས་མར། ང་ཚོས་ཇུས་གཞིའི་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱས་ནས། ས་གནས་ཁག་གིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པར་མཛུབ་སྟོན་བྱེད་པ་དང་། འགོག་སྨན་རྒྱག་པའི་ཞབས་ཞུ་ལེགས་སུ་བཏང་ནས། འགོག་སྨན་གྱི་རིམས་འགོག་ནུས་ཤུགས་ཆེ་རུ་གཏོང་བ་དང་རྒན་རྒོན་ལ་འགོག་སྨན་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1