འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ས་རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་མཇལ་འཛོམས་གནང་བཞིན་པ།
འདི་ག་ཚགས་པར་ཁང་དུ་རི་ཡ་ཏེ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཕྱི་དྲོར། རི་ཡ་ཏེའི་རྒྱལ་པོའི་ཕོ་བྲང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་6སོང་རྗེས་སླར་ཡང་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་གོང་སོ་ཏི་ཨ་རབ་ལ་འཚམས་འདྲི་བྱས་པའི་གནས་ཚུལ་ངས་ད་དུང་གསལ་པོར་དྲན་གྱི་འདུག ང་ཚོས་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཚང་མ་ཏན་ཏན་ཏིག་ཏིག་གི་མཉམ་ལས་ཀྱི་གྲུབ་འབྲས་སུ་འགྱུར་བཞིན་ཡོད་པ་ངས་དགའ་སྤྲོའི་ངང་མཐོང་བྱུང་། ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་མཉམ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡོད། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་སྣེ་མང་ཅན་གྱི་འཛམ་གླིང་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ལ་བརྩིས་ནས་སོ་ཏི་ཨ་རབ་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
སཱ་ལེ་མན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་སོ་ཏི་ཨ་རབ་ཏུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན་ལ། 2016ལོར་ཁྱེད་ཀྱིས་སོ་ཏི་ཨ་རབ་ལ་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་བ་དེ་བརྗེད་པར་དཀའ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་མཐུད་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། གནད་དོན་མང་པོའི་ཐད་ཕྱོགས་གཉིས་པོར་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་བ་དང་། ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ནི་སོ་ཏི་ཨ་རབ་ཕྱོགས་ཀྱི་ཁེ་ཕན་ཡང་རེད། ངས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་འབད་བརྩོན་བྱས་ཏེ་སོ་ཏི་ཨ་རབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མཛའ་གཅུགས་ལྡན་པའི་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། དེས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ཏི་ཨ་རབ་རྒྱལ་ལྡན་རྒྱལ་ཁབ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གྲོས་མཐུན》ལ་རྒྱལ་ཁབ་གཉིས་པོའི་གཙོ་བདག་སྐུ་ངོ་མས་མཚན་རྟགས་བཀོད་པ་དང་འབྲེལ། ལོ་གཉིས་རེར་རྒྱལ་ཁབ་གཉིས་པོས་རེས་སྐོར་ངང་གཙོ་བདག་གི་མཇལ་འཛོམས་ཐེངས་རེ་བྱ་རྒྱུའི་མོས་མཐུན་གནང་བ་རེད།