ཟླ་12ཚེས་7ཉིན་གྱི་དགོང་མོར་ལྷ་ས་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཞིབ་ཕྲ་བཟོ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་སྤེལ་དོན། སྤྱི་པའི་འདུ་གནས་རྒྱུན་ལྡན་ལྟར་སྒོ་འབྱེད་རྒྱུ་དང་། བོད་ལྗོངས་སུ་ཡོང་མཁན་གྱིས་སྙན་སེང་ཐོ་འགོད་དང་བོད་ལྗོངས་ནས་ཐོན་མཁན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པ་སོགས་ནང་དོན་དོན་ཚན་14མེད་པར་བཟོས་འདུག སྤྱི་བསྒྲགས་ནང་། སྤྱི་གླིང་དང་མཛེས་ལྗོངས་ཁུལ་སོགས་སྤྱི་པའི་འདུ་གནས་རྒྱུན་ལྡན་ལྟར་སྒོ་ཕྱེ་ནས་ཟ་ཁང་(ཇ་ཁང)སོགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བྱེད་སྒོ་སླར་གསོ་བྱ་རྒྱུ་ཡིན་ཞིང་། མི་སྣ་འདུ་འཛོམས་མང་སར་འགྲོ་ཚེ་སྒོ་ཁའི་རྩ་གཉིས་བཤེར་འབེབས་བྱེད་དགོས།