ཞི་ཅིན་ཕིང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་སྐབས་དང་པོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-12



འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། 《སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ཡ་ཏེ་ནས་ཟླ་12ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་སྐབས་དང་པོ་རི་ཡ་ཏེའི་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙི་རྒྱལ་པོའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་དང་། ཁ་ཐར་གྱི་ཨའེ་སྨིར་ཐ་སྨི་མུའུ། པ་རེན་གྱི་རྒྱལ་པོ་ཧ་མ་ཏེ། ཁུ་ཝེ་ཐེའི་རྒྱལ་རྒྱུད་འཛིན་མཁན་སྨི་ཧྲ་ལེ། ཨོ་མན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཧྥ་ཧོ་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཧྥུའུ་ཁྲ་དབྱི་ལཱའི་ཚོ་དཔོན་ཧྲར་ཅི། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དྲུང་ཆེ་ནཱ་དབྱི་ཧྥུའུ་བཅས་དབུ་ཚོགས་ལ་ཞུགས་ཡོད་པ་རེད། དབུ་ཚོགས་ཐོག་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འབྲེལ་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་པ་རེད།

        ཞི་ཅིན་ཕིང་གིས《སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དབར་ལོ་ངོ་ཉིས་སྟོང་ཙམ་གྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ལྡན་ཡོད། 1981ལོར། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་བཙུགས་མ་ཐག་ཀྲུང་གོས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དང་འབྲེལ་བ་བཙུགས་ཤིང་། ལོ་40ལྷག་ཙམ་རིང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་ཕྱོགས་གཉིས་པོས་མཐུན་སྒྲིལ་རོགས་རེས་དང་མཉམ་ལས་གཉིས་ཕན་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་མདོར་བསྡུས་ནས་བཤད་ན་ཕན་ཚུན་ཡིད་ཆེས་ཟབ་མོ་བྱས་པ་ལས་བྱུང་བ་ཡིན་ཞིང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་བདག་དབང་རང་བཙན་ལ་རྒྱབ་སྐྱོར་དང་། རང་སོ་སོའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་བཅས་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཡོད། མདོར་བསྡུས་ནས་བཤད་ན་ཕན་ཚུན་གསབ་རེས་ཧུར་ཐག་བྱས་པ་ལས་བྱུང་བ་ཡིན་ཞིང་། ཀྲུང་གོར་འཛད་སྤྱོད་ཁྲོམ་ར་རྒྱ་ཆེན་པོ་ཡོད་པ་དང་། བཟོ་ལས་མ་ལག་འཐུས་སྒོ་ཚང་བ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་ཕྱོགས་ལ་ནུས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ། དཔལ་འབྱོར་སྣེ་མང་ཅན་འཕེལ་རྒྱས་འགྲོ་བཞིན་པ་བཅས་ཕྱོགས་གཉིས་པོ་ནི་མཉམ་ལས་ཀྱི་རོགས་ཟླ་ཡག་པོ་ཞིག་ཡིན་པ། མདོར་བསྡུས་ནས་བཤད་ན་དམངས་སེམས་གཅིག་མཐུན་ལས་བྱུང་བ་ཡིན་ཞིང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གཉིས་ཀ་ཤར་ཕྱོགས་ཤེས་དཔལ་གྱི་ཁོངས་སུ་གཏོགས་པ་དང་། རིག་གནས་ཀྱི་རིན་ཐང་འདྲ་བ། མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་བརྩེ་ལྡན་པ། མདོར་བསྡུས་ནས་བཤད་ན་ཕན་ཚུན་སྐྱིད་སྡུག་མཉམ་མྱོང་བྱས་པ་ལས་བྱུང་བ་ཡིན་ཞིང་། རྒྱལ་སྤྱི་དང་ས་ཁུལ་གྱི་འགྱུར་ལྡོག་དང་དེ་བཞིན་དངུལ་རྩའི་ཉམས་ཉེན་དང་། ཏོག་གསར་གློ་ཚད་རིམས་ནད། རང་བྱུང་གནོད་འཚེ་ཚབས་ཆེན་སོགས་ཀྱི་འགྲན་སློང་འཕྲད་སྐབས་ཕྱོགས་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་རོགས་རེས་བྱས་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་རང་སྟོབས་རང་སྤེལ་ལ་ཚད་མཐོའི་བསྔགས་བརྗོད་བྱེད་པ་མ་ཟད། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་འཛམ་གླིང་དབུས་ཤར་མཚོ་ཁུག་གི་གསོན་ཤུགས་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་རྩ་འཛུགས་ཤིག་ཏུ་འགྱུར་བར་སྐུལ་འདེད་གཏོང་གི་ཡིན། ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་ང་ཚོས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དབར་གྱི་མཛའ་གྲོགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོ་སྐབས་སུ་བྱས་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བའི་འཐབ་ཇུས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་གི་ཡིན།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མ་འོངས་ལོ་3ནས་5ཡི་རིང་ཀྲུང་གོས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་མཉམ་དུ་གཤམ་གསལ་གྱི་གཙོ་གནད་མཉམ་ལས་ཁྱབ་ཁོངས་ཐད་འབད་བརྩོན་བྱེད་འདོད་ཡོད།

        གཅིག་ནས་ནུས་རྒྱུའི་ཕྱོགས་མང་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ། ཀྲུང་གོས་མུ་མཐུད་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ནས་མ་བཅོས་རྡོ་སྣུམ་དང་གཤེར་གཟུགས་རང་བྱུང་སོལ་རླངས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྣུམ་རླངས་གསར་སྤེལ་དང་དྭངས་གཙང་ཐཱན་ཉུང་ནུས་ཁུངས་ལག་རྩལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྣུམ་རླངས་ཀྱི་ཚོང་དོན་མི་དམངས་ཤོག་སྒོར་ནས་རྩིས་རྒྱག་རྒྱུ། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱིས་ཞི་བདེའི་ངང་ཉིང་རྡུལ་ལག་རྩལ་སྤྱོད་པའི་གླེང་སྟེགས་འཛུགས་པ་དང་། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་ཉིང་རྡུལ་བདེ་སྲུང་དཔེ་སྟོན་ལྟེ་གནས་མཉམ་དུ་བཙུགས་ཏེ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ལ་ཞི་བདེའི་ངང་ཉིང་རྡུལ་ནུས་པ་དང་ཉིང་རྡུལ་ལག་རྩལ་སྤྱོད་མཁན་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དང་།

        གཉིས་ནས་དངུལ་རྩའི་མ་དངུལ་མཉམ་ལས་ཀྱི་འཕེལ་རིམ་གསར་པར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་ཨ་རབ་མཉམ་ལས་ཨུ་ལྷན་རྒྱལ་ཁབ་དང་དངུལ་རྩའི་ལྟ་འདོམས་མཉམ་ལས་བྱས་ཏེ། ཐུན་མོང་གི་མ་དངུལ་མཉམ་འབྲེལ་ལྷན་ཚོགས་འཛུགས་པ་དང་། ཕྱོགས་གཉིས་པོའི་བདག་དབང་རྒྱུ་ནོར་ཐེབས་རྩས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་མཉམ་ལས་བྱེད་པར་རྒྱབ་སྐྱོར། ཀྲུང་མཚོའི་ཐོན་ལས་དང་མ་དངུལ་མཉམ་ལས་གླེང་སྟེགས་ཞིབ་འཇུག་གིས་གཉེར་བ། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མ་དངུལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་པོའི་མ་དངུལ་དང་དཔལ་འབྱོར་མཉམ་ལས་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་གྲངས་འཛིན་དངུལ་ལོར་གྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ།

        གསུམ་ནས་ཚན་རྩལ་མཉམ་ལས་གསར་གཏོད་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་གཏོང་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་གྲངས་གཞི་ཆེན་པོ་དང་སྤྲིན་རྩིས་ལྟེ་གནས་མཉམ་དུ་བསྐྲུན་ནས་5Gདང་6Gཡི་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་དང་། གསར་གཏོད་ལས་གཏོད་ཀྱི་སྐྱོང་ཆས་ཁག་གཅིག་མཉམ་དུ་སྐྲུན་པ། རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མཉམ་ལས་དང་འཕྲིན་གཏོང་དྲ་རྒྱ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ནས་གྲངས་འཛིན་དཔལ་འབྱོར་རྣམ་གྲངས་10ལག་བསྟར་བྱེད་པ། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་གནམ་གཤིས་ཚན་རྩལ་མཉམ་ལས་ལམ་སྲོལ་བཙུགས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་བགྲོ་གླེང་ཚོགས་འདུ་གཉེར་བ་བཅས་བྱ་རྒྱུ།

        བཞི་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་བར་སྣང་མཉམ་ལས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་མཉམ་དུ་རྒྱང་ཚོར་དང་། འཕྲིན་གཏོང་སྲུང་སྐར། བར་སྣང་བེད་སྤྱོད། འཇིག་རྟེན་འཕུར་སྐྱོད་ཀྱི་རྨང་གཞིའི་སྒྲིག་བཀོད། འཇིག་རྟེན་འཕུར་སྐྱོད་པ་འདེམས་སྒྲུག་སྦྱོང་བརྡར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་འདོད་ཡོད་ལ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་ འཇིག་རྟེན་འཕུར་སྐྱོད་པ་ཀྲུང་གོའི་བར་སྣང་ས་ཚིགས་སུ་བསྐྱོད་ནས། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་དང་མཉམ་དུ་འཕུར་སྐྱོད་དང་སྦྲགས་བར་སྣང་ཚན་རིག་ཚོད་ལྟ་བྱེད་པར་དགའ་བསུ་ཡང་ཞུ་གི་ཡིན། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་ཕྱོགས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལས་འགན་གྱི་འདྲེན་ཞུགས་མཉམ་ལས་ལ་ཞུགས་པ་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་མཉམ་དུ་ཟླ་བའི་གོ་ལ་དང་བར་སྣང་གི་གཏིང་ཟབ་སར་འཚོལ་ཞིབ་ཚད་ལེན་ལྟེ་གནས་ཞིབ་འཇུག་བྱས་ནས་འཛུགས་པར་དགའ་བསུ་ཞུ་རྒྱུ།

        ལྔ་ནས་སྐད་ཡིག་རིག་གནས་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་གཏོད་རྒྱུ། ཀྲུང་གོས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་300དང་མཉམ་ལས་བྱས་ནས་རྒྱ་ཡིག་གི་སློབ་གསོ་སྤེལ་བ་དང་། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་དང་མཉམ་ལས་བྱས་ནས་རྒྱ་ཡིག་གི་རིག་ནུས་སློབ་ཁང་300འཛུགས་པ་དང་། “རྒྱ་ཡིག་འབྲེལ་ཟམ”གྱི་དབྱར་ཁའི(དགུན་ཁ)སྒར་སའི་མིང་ཐོབ་3000མཁོ་འདོན་བྱེད་པ། རྒྱ་ཡིག་སྦྱོང་བའི་ཚོད་ལྟའི་ལྟེ་གནས་དང་དྲ་རྒྱའི་རྒྱ་ཡིག་སློབ་ཁང་འཛུགས་པ། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་སྐད་ཡིག་རིག་གནས་གླེང་སྟེགས་གཉེར་བ། ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་མི་ཆོས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐད་གཉིས་རིག་མཛོད་མཉམ་དུ་སྐྲུན་པ་བཅས་བྱ་རྒྱུ།

        མུའུ་ཧན་མོ་ཏེས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་གྱི་ཚབ་ཞུས་ནས་དབུ་ཚོགས་གཙོ་སྐྱོང་གནང་ཞིང་། ཁོང་གིས་གསུངས་དོན། དེང་སྐབས་འཛམ་གླིང་ལ་ཉེན་ཁ་དང་འགྲན་སློང་མང་པོ་ཕྲད་ཡོད་པས་ཕྱོགས་ཁག་གིས་མཐུན་སྒྲིལ་བྱས་ནས་ཁ་གཏད་གཅོག་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་སྔོན་ཐོན་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱིས་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་མ་ཟད། ཆབ་སྲིད་ཀྱི་ཐད་ནས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཚང་མས་ཀྲུང་གོ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱི་ཡོད་ལ། ད་རེས་ཀྱི་དབུ་ཚོགས་བརྒྱུད་འབྱུང་འགྱུར་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་འཆར་འགོད་བྱས་ཏེ། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་ཞིག་གཏོད་ཐུབ་པའི་རེ་བ་ཡོད། མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱིས་ཀྲུང་གོ་དང་ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་གཞོལ་ནས། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། འཕྲོད་བསྟེན། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་འཐོབ་པར་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཀྱི་ཉམས་ཉེན་དང་ནུས་རྒྱུའི་ཉམས་ཉེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་གི་ཡིན།

        དབུ་ཚོགས་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འཐབ་ཇུས་སྐད་ཆ་ཤོད་རེས་ཀྱི་2023ལོ་ནས་2027ལོའི་བར་གྱི་བྱ་སྤྱོད་འཆར་གཞི》ལ་གྲོས་འཆམ་བྱུང་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་འཆར་འགོད་བྱས་པ་རེད།

       

        ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། 《སྔ་འཛིན་ཕྱི་གཏོད་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1