ཉེ་ཆར། དྲ་ཐོག་ཏུ“ཁ་ཐུམ་བརྒྱབ་ན་གློ་བའི་ཚིགས་འབུར་སློང་སྲིད་པ”དང་། “ཁ་ཐུམ་ནང་ལུས་པའི་གདུབ་དབྱང་ཁ་ཝན་ཞེས་པའི་རྫས་འགྱུར་དངོས་རྫས་དེས་འབྲས་སྐྲན་སློང་སྲིད་པ”སོགས་ཀྱི་ཆ་འཕྲིན་མང་པོས་ཁྱབ་སྟེ། མི་མང་པོ་ཞིག་ལ་ཁ་ཐུམ་རྒྱག་པའི་ཐད་དོགས་པ་དང་སེམས་ཁྲལ་བཟོས་ཡོད། འོ་ན། དུས་ཡུན་རིང་པོར་ཁ་ཐུམ་བརྒྱབ་ན་གློ་བའི་ཚིགས་འབུར་དང་སྐྲན་ནད་སློང་སྲིད་དམ་ཞེ་ན། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྨན་ཁང་གི་དབུགས་འབྱིན་རྔུབ་དང་ཉེན་ཚབས་ཆེ་བའི་ནད་རིགས་གསོ་རིག་ཚན་ཁག་གི་ཀྲུའུ་རིན་ཡེ་ཞན་ཝུའེ་ཡིས་དེའི་ཐད་ལ་ལན་བཏབ་ཡོད།
ཁ་ཐུམ་བརྒྱབ་ན་གློ་ནད་སློང་ཞེས་པ་ནི་དཀྲོག་གཏམ་རེད།
ཡེ་ཞན་ཝུའེ་ཡིས་བཤད་པར། སྨན་པས་རྒྱུན་དུ་ཁ་ཐུམ་རྒྱག་གིན་ཡོད་ལ། གྲོང་ཁྱེར་ལ་ལའི་མི་རྣམས་ཀྱིས་ཀྱང་མཁའ་དབུགས་མི་གཙང་པ་འགོག་ཆེད་ཁ་ཐུམ་རྒྱག་གིན་ཡོད་པས། རྒྱུན་དུ་ཁ་ཐུམ་རྒྱག་པའི་མི་ཚོགས་དེ་དག་ལ་གློ་བའི་ཚིགས་འབུར་བྱུང་ཚད་དེ་ཁ་ཐུམ་བརྒྱབ་མེད་པའི་མི་ཚོགས་དང་བསྡུར་ནའང་མངོན་གསལ་དོད་པོས་མང་དུ་ཕྱིན་མེད། གཞན་ཡང་ཁ་ཐུམ་ལ་སྤྱིར་བཏང་དུ་བང་རིམ་གསུམ་ཡོད་དེ། བར་གྱི་རིམ་པ་དེ་འདུས་རྡུལ་མཐོ་བའི་གྲུབ་གཞིའི་རྒྱུ་ཆ་ཡིན་པ་དང་། དེའི་ཕྱི་ནང་གཉིས་ཀ་ནི་འཁེལ་མེད་རས་ཆ་ཡིན་པ་ལས། ང་ཚོས་དུས་རྒྱུན་གྱོན་པའི་གྱོན་ཆས་ཀྱི་རྒྱུ་ཆ་མིན་པས། གྲུབ་ཆའི་ཆ་ནས་བཤད་ན། དབུགས་ལམ་དུ་རྔུབ་པའམ་དབུགས་ལམ་ལ་གནོད་པ་བཟོ་བ་སོགས་བྱེད་མི་སྲིད།
ཁ་ཐུམ་སྟེང་ལུས་པའི་གདུབ་དབྱང་ཁ་ཝན་གྱིས་འབྲས་སྐྲན་སློང་སྲིད་ཅེས་པའང་དཀྲོག་གཏམ་རེད།
དྲ་གྲོགས་ཁག་ཅིག་གིས་ཁ་ཐུམ་ཐོན་སྐྱེད་བྱས་ནས་དུག་སེལ་བྱེད་སྐབས་བཀོལ་བའི་སྨན་རྫས་གདུབ་དབྱང་ཁ་ཝན་ནི་དུག་ལྡན་གྱི་རྫས་འགྱུར་དངོས་པོ་ཞིག་ཡིན་པར་དོ་སྣང་བྱུང་ཡོད། དེའི་ཐད་ཡེ་ཞན་ཝུའེ་ཡིས་བསྟན་དོན། གདུབ་དབྱང་ཁ་ཝན་གྱིས་དུག་སེལ་བྱས་པའི་ཁ་ཐུམ་དག་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚད་གཞི་གཞིར་བཟུང་སྟེ། བཟོ་གྲྭ་ནས་ཞིབ་དཔྱད་ནན་མོ་བྱས་རྗེས་ད་གཟོད་ཁྲོམ་རའི་ནང་མཁོ་སྤྲོད་བྱེད་ཀྱིན་ཡོད་པས། ཁ་ཐུམ་དེ་དག་ལ་གདུབ་དབྱང་ཁ་ཝན་གྱི་ལྷག་རོ་ལུས་ཚད་དེ་ཁེ་རེར་ཝའེ་ཁེ10ལས་བརྒལ་མེད་པས། གྲངས་ཚད་དེ་སྣང་མེད་དུ་བཏང་ཆོག
ཁ་ཐུམ་ཇི་ལྟར་རྒྱག་དགོས་སམ།
ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཁ་ཐུམ་ཇི་ལྟར་རྒྱག་དགོས་པའི་ཐད། ཡེ་ཞན་ཝུའེ་ཡིས་གྲོས་མགོ་བཏོན་པར། ཚད་ལྡན་གྱི་ཚོང་ཁང་ནས་སྤུས་རྟགས་ཚད་ལྡན་ཡིན་ཞིང་ཚད་ལོན་དཔང་རྟགས་ཡོད་པའི་ཁ་ཐུམ་ཉོ་དགོས་ཤིང་། རྒྱག་ཡུན་རིང་དྲགས་ཚེ་ཁ་ཐུམ་ནང་གི་འཚག་ཆས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆུང་དུ་འགྲོ་བས། ཆུ་ཚོད4ནས6བར་བརྒྱབ་རྗེས་ཁ་ཐུམ་བརྗེ་དགོས།