ཞི་ཅིན་ཕིང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས།
མངོན་མིན་རིག་གནས་ཤུལ་བཞག་གི་བརྒྱུད་རིམ་ཧྲིལ་པོའི་སྲུང་སྐྱོང་ལེགས་པར་བྱས་ནས་ཀྲུང་ཧྭའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་སྐབས“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་སྲོལ”མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་ཚུད་པ་དེ་ཀྲུང་གོའི་ཇའི་རིག་གནས་དར་སྤེལ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་བརྒྱུད་རིམ་ཧྲིལ་པོའི་སྲུང་སྐྱོང་ལེགས་པར་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པར་བསྐངས་ཏེ་རིག་གནས་ཀྱི་གདེང་ཚོད་རང་དར་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏམ་རྒྱུད་ཡག་པོ་གླེང་བ་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་དེ་བས་ལེགས་པའི་སྒོ་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཟླ་11ཚེས་29ཉིན། རང་རྒྱལ་གྱིས་འདུན་ཞུ་བྱས་པའི“ཀྲུང་གོའི་སྲོལ་རྒྱུན་ཇ་བཟོའི་ལག་རྩལ་དང་དེའི་འབྲེལ་ཡོད་གོམས་སྲོལ”མོ་རོ་ཁོའི་ལཱ་པ་ཐེ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་སྲིད་གཞུང་དབར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བདུན་པའི་འཆར་ཅན་ཚོགས་འདུའི་ཐོག་དཔྱད་ཞིབ་བྱས་པ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་ཚུད་ཡོད། མིག་སྔར་རང་རྒྱལ་གྱི་ཁྱོན་རྣམ་གྲངས་ཁག་43མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དང་མིང་ཐོའི་ནང་ཚུད་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།