བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་རྒྱ་མཚོར་བཤམས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-14


 

འདི་ནི་བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེས་འདས་པོའི་སྐུ་པར་དང་། སྤུར་སྒམ། འདས་མཆོད་མེ་ཏོག་ཕྲེང་བ་བཅས་བསྣམས་ནས་ཀྲུང་ནན་ཧའེ་ལའེ་ཧྥུའུ་ཚོམས་ཆེན་ནས་དལ་བུར་དོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཅང་ཙེ་མིན་དང་ཁོང་གི་གཉེན་ཉེའི་ཐུགས་འདུན་ལྟར། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་ཚེས་11ཉིན་འབྲི་ཆུའི་མཚོ་སྒོ་ནས་རྒྱ་མཚོར་བཤམས་པ་རེད།

     ཏང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་དང་བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་སོགས་གཉེན་ཉེས་སྤུར་ཐལ་གཤོམ་པའི་སྲུང་སྐྱེལ་གནང་ཞིང་། ཆེས་བླ་ན་མེད་པ་དང་ཆེས་སྒམ་ནན་གྱི་བྱེད་ཐབས་ལ་བརྟེན་ནས་རང་རེའི་ཏང་དང་། རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེ་བའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཟབ་མོ་དང་རྗེས་དྲན་གཏིང་ཟབ་ཞུས་པ་རེད།

     བློ་མཐུན་ཅང་ཙེ་མིན་ནི་དངོས་གཙོ་རིང་ལུགས་པ་མཐར་ཕྱིན་པ་ཞིག་ཡིན་ཞིང་། ཁོང་སྐུ་འཚོ་བཞུགས་སྐབས་རང་ཉིད་ཀྱི་སྤུར་ཐལ་འབྲི་ཆུ་དང་རྒྱ་མཚོར་གཤོམ་པའི་ཐུགས་རེ་གནང་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་སྐུ་ཚེ་ཧྲིལ་པོ་ཡོད་ཚད་མེས་རྒྱལ་དང་མི་དམངས་ལ་ལེགས་སྐྱེས་སུ་ཕུལ་གནང་ཡོད།

     དེ་རིང་སྔ་དྲོར། བློ་མཐུན་ཅང་ཙེ་མིན་སྐུ་འཚོ་བཞུགས་སྐབས་དུས་ཡུན་རིང་པོ་ཕྱག་ལས་གནང་སའི་ཀྲུང་ནན་ཧའེ་རུ་རྒྱལ་དར་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་ཤིང་། ལའེ་ཧྥུའུ་ཚོམས་ཆེན་དུ་གཞི་རས་དཀར་པོའི་ཐོག་བློ་མཐུན་ཅང་ཙེ་མིན་གྱི་ཚོན་ཁྲ་ཅན་གྱི་འདས་པོའི་སྐུ་པར་བཀལ་ཡོད་པ་དང་། འདས་པོའི་སྐུ་པར་གཤམ་དུ་བློ་མཐུན་ཅང་ཙེ་མིན་གྱི་སྤུར་སྒམ་བཞག་ཡོད་པ་དེའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་གཡོགས་ཡོད། བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་གྱིས་ནང་མི་ཡོངས་ཀྱི་སྣེ་ཁྲིད་ནས་ཕུལ་བའི་མེ་ཏོག་སི་ར་བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་སྒམ་གྱི་མདུན་དུ་བཞག་ཡོད་པ་དང་། གཞོགས་གཡས་གཡོན་དུ་གཉེན་ཉེ་གཞན་དག་དང་འབྲེལ་ཡོད་ཕྱོགས་ཀྱིས་ཕུལ་བའི་མེ་ཏོག་ཕྲེང་བ་བསྒྲིགས་ཡོད།

     སྔ་དྲོའི་ཆུ་ཚོད་8དང་སྐར་མ་10ཡི་ཐོག ཚའེ་ཆི་དང་འདས་འཇུག་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེ་དང་མཉམ་དུ་འདི་གར་ཕེབས་ནས་གུས་སྟབས་ཀྱིས་བཞེངས་ཏེ་མྱ་ངན་ཟབ་མོ་དང་རྗེས་དྲན་གཏིང་ཟབ་ཞུས་ནས་བློ་མཐུན་ཅང་ཙེ་མིན་འདས་པོའི་སྐུ་པར་ལ་གུས་འདུད་ལན་གསུམ་ཞུས། དེ་རྗེས། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེས་འདས་པོའི་སྐུ་པར་དང་། སྤུར་སྒམ། འདས་མཆོད་མེ་ཏོག་ཕྲེང་བ་བཅས་བསྣམས་ཏེ་ལའེ་ཧྥུའུ་ཚོམས་ཆེན་ནས་དལ་བུར་ཐོན།

     སྤུར་སྐྱེལ་རླངས་འཁོར་ཀྲུང་ནན་ཧའེ་ནས་དལ་བུར་ཐོན་པ་དང་། ཀྲུང་ནན་ཧའེ་རུ་ལས་ཀ་བྱེད་བཞིན་པའི་ལས་བྱེད་པ་དང་ལས་བཟོ་རྣམས་འཚང་ཁ་ཤིག་ཤིག་གིས་ལམ་གཡས་གཡོན་དུ་ཡོང་ནས་བྲང་ཁར་མྱ་ངན་མེ་ཏོག་དཀར་པོ་བཏགས་ཏེ་སྒམ་ནན་གྱིས་བློ་མཐུན་ཅང་ཙེ་མིན་ལ་ཞལ་གྱེས་ཞུས།

     སྤུར་སྐྱེལ་རླངས་འཁོར་དལ་བུས་གྲོང་ཁྱེར་ནུབ་འདབས་ཀྱི་གནམ་ཐང་དུ་བསྐྱོད། མཁའ་དམག་དཔོན་དམག་གིས་རུ་སྟར་བསྒྲིགས་ནས་ཞྭ་མོ་ཕུད་དེ་བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་སྲུང་སྐྱེལ་ཆེད་གཏོང་གནམ་གྲུའི་འཕུར་ཕྱོགས་ལ་སྐྱེལ་མ་ཞུས། ཆེད་གཏོང་གནམ་གྲུས་ལྡིང་སྐོར་རྒྱག་བཞིན་རྒྱལ་ས་པེ་ཅིང་གི་མཁའ་དབྱིངས་སུ་དལ་བུས་བསྐོར་བ་ཐེངས་གཅིག་བརྒྱབ་རྗེས་བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེད་ཐུགས་ནུས་ཡོད་རྒུ་བཏོན་གནང་སའི་གནས་འདི་དང་ཞལ་གྱེས་ཞུས།

     སྔ་དྲོའི་ཆུ་ཚོད་11དང་སྐར་མ་5ཙམ་ལ། བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་སྲུང་སྐྱེལ་ཆེད་གཏོང་གནམ་གྲུ་ཧྲང་ཧའེ་ཧུང་ཆའོ་གནམ་ཐང་དུ་འབྱོར། དེ་རྗེས་སྤུར་སྐྱེལ་རླངས་འཁོར་ནས་སྤུར་ཐལ་ཝུའུ་སུང་དམག་དོན་གྲུ་ཁ་བར་སྲུང་སྐྱེལ་ཞུས་པ་རེད།

     ཝུའུ་སུང་དམག་དོན་གྲུ་ཁར་རྒྱལ་དར་ཕྱེད་ཀ་ཕབ་ནས་རྣམ་པ་སྒམ་བརླིང་ལྡན་ཞིང་། གཞི་རས་ནག་པོའི་ཐོག“བློ་མཐུན་ཅང་ཙེ་མིན་ནམ་ཡང་མི་ནུབ་པར་གྱུར་ཅིག”དང“བློ་མཐུན་ཅང་ཙེ་མིན་ནམ་ཡང་ང་ཚོའི་སེམས་ནང་གནས”ཞེས་པའི་ཡི་གེ་དཀར་པོ་བྲིས་ཡོད། མཚོ་དམག་དཔོན་དམག་རྣམས་ཀྱིས་གྲལ་སྟར་འགྲིག་པོས་ཞྭ་མོ་ཕུད་དེ་གུས་འདུད་ཞུས། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེས་སྤུར་ཐལ་བཏེགས་ཏེ་སྤུར་སྐྱེལ་རླངས་འཁོར་ནས་བབས་ནས་སྤུར་ཐལ་གདུང་སྟེགས་སུ་བཞག སྒྲ་གདངས་དམའ་བའི་མྱ་ངན་རོལ་མོའི་ཁྲོད་སྐྱེལ་མ་ཞུ་མཁན་རྣམས་སྒམ་ནན་དང་གུས་སྟབས་ཀྱིས་ལངས་ནས་གུས་འདུད་ཟབ་མོ་ཞུས་ཏེ་བློ་མཐུན་ཅང་ཙེ་མིན་ལ་མཐའ་མའི་ཞལ་གྱེས་ཞུས།

     ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་གི་དབྱང་ཀྲོའུ་དམག་གྲུ་རླབས་རྒྱུན་དང་བསྟུན་ནས་འགྱིང་ངེར་གནས་པ་དང་། དམག་གྲུའི་སྟེང་གི་དཔོན་དམག་ཁག་དབྱེ་ནས་བང་བསྒྲིགས་ཏེ་གྲུའི་གཞོགས་སུ་ཀྲོང་ངེར་ལངས། དབྱང་ཀྲོའུ་ནི་བློ་མཐུན་ཅང་ཙེ་མིན་གྱི་ཕ་ཡུལ་རེད། ཚེས་11ཉིན་དབྱང་ཀྲོའུ་ཡི་མིང་བཏགས་པའི་དམག་གྲུ་དེས་གུས་ལུགས་ཆེ་ཤོས་ཀྱིས་ཏང་དང་མི་དམངས་ལ་ནམ་ཡང་ཉམས་མེད་མཛད་རྗེས་འཇོག་མཁན་གྱི་འགོ་ཁྲིད་པ་ཁྱད་དུ་འཕགས་པ་ཁོང་ལ་ཞལ་གྱེས་ཞུས་པ་རེད། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེས་སྤུར་ཐལ་བཏེགས་ཏེ་དབྱང་ཀྲོའུ་དམག་གྲུར་འཛེགས། མཚོ་དམག་གིས་དུང་བརྡ་བཏང་བ་དང་། གཟབ་སྦྲེང་རུ་ཁག་གིས་མེ་མདའ་བཟུང་ནས་གུས་སྟབས་ཀྱིས་ལངས་ཏེ་མིག་འདུད་ཞུས། དབྱང་ཀྲོའུ་དམག་གྲུ་ཐོན་སྐབས། དམག་དོན་གྲུ་ཁའི་དམག་གྲུ་ཡོད་ཚད་ནས་དུང་བརྡ་རིང་པོ་བཏང་བ་ནམ་མཁའི་དབྱིངས་སུ་གྲགས།

     དབྱང་ཀྲོའུ་དམག་གྲུ་ལང་ལོང་དུ་རྒྱུག་པའི་འབྲི་ཆུ་བརྒྱུད་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ཕྱོགས་སུ་སྐྱོད། དམག་གྲུ་དལ་བུར་སྐྱོད་པ་དང་སྦྲགས། བློ་མཐུན་ཅང་ཙེ་མིན་གྱི་ལང་ཚོའི་ལོ་ཟླ་བརྒྱུད་མྱོང་བའི་ཧྲང་ཧའེ་དང་ཞལ་གྱེས་ཞུས་པ་དང་དུས་ཡུན་རིང་པོ་ཕྱག་ལས་དང་། འབད་འཐབ་གནང་ས། ལེགས་སྐྱེས་འབུལ་ས་བཅས་དང་ཞལ་གྱེས་ཞུས།

     ཉིན་དགུང་ཆུ་ཚོད་12དང་སྐར་མ་35ལ། དབྱང་ཀྲོའུ་དམག་གྲུ་འབྲི་ཆུའི་མཚོ་སྒོའི་ཆུ་ཁོངས་སུ་འབྱོར་ཞིང་། དམག་གྲུའི་གཅལ་ཐོག་ཏུ་སྐྱེལ་མ་ཞུ་མཁན་རྣམས་ཀྱིས་གུས་སྟབས་ཀྱིས་ལངས་པ་དང་ངག་བསྡམས་ནས་མྱ་ངན་ཞུས། ཆུ་བོ་ཆེན་པོའི་ཟིལ་རླབས་དགུང་དུ་འཕྱུར། ཚའེ་ཆི་དང་བློ་མཐུན་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་སོགས་གཉེན་ཉེའི་མིག་ཟུང་མཆི་མས་བརླན་པ་དང་མྱ་ངན་ཆེན་པོ་བཟོད་བཞིན་དུ་བློ་མཐུན་ཅང་ཙེ་མིན་གྱི་སྤུར་ཐལ་མེ་ཏོག་འདབ་མ་དང་མཉམ་དུ་མཐའ་ཡས་རྒྱ་མཚོར་བཤམས།

     ལང་ལོང་དུ་རྒྱུག་པའི་འབྲི་ཆུ། མཐའ་ཡས་རྒྱ་མཚོ་ཆེན་པོར་བཞུར། ཀྲུང་ཧྭའི་ས་གཞི་ཆེན་པོར་རླབས་ཆེན་མི་སྣ་ཞིག་གི་འོད་སྟོང་འཕྲོ་བ་དང་འཐབ་འཛིང་གི་བླ་ན་མེད་པའི་སྐུ་ཚེ་ཧྲིལ་པོར་དཔང་པོ་བྱས། ཁྱད་དུ་འཕགས་པའི་འགོ་ཁྲིད་མི་སྣ་ཞིག་གིས་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་བཏོན་ནས་སྐུ་ཚེ་ཧྲིལ་པོར་འབད་འཐབ་གནང་བའི་བློ་སྟོབས་དང་ལྷག་བསམ་ནམ་ཡང་གནས།

     ལང་ལོང་དུ་རྒྱུག་པའི་འབྲི་ཆུ། མཐའ་ཡས་རྒྱ་མཚོ་ཆེན་པོར་བཞུར། དེ་རིང་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། དགེ་མཚན་ཡང་མང་པོ་མངོན་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་རྔམ་བརྗིད་ལྡན་ཞིང་སྔོན་བྱོན་པ་ཚོས་ཕྱིར་ལྟ་བྱས་ཚེ་ཐུགས་བློ་བདེ་པོ་ཡོང་ངེས་ལགས།

     ལང་ལོང་དུ་རྒྱུག་པའི་འབྲི་ཆུ། མཐའ་ཡས་རྒྱ་མཚོ་ཆེན་པོར་བཞུར། གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་མིན། ང་ཚོ་དང་ནམ་ཡང་བྲལ་སོང་། བློ་མཐུན་ཅང་ཙེ་མིན་གྱི་མཁས་མཛངས་དང་། མཛད་རྗེས། དགོངས་པ། ཉམས་འགྱུར་བཅས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་རྒྱུ་དང་མི་རབས་ནས་མི་རབས་བར་མི་དམངས་ཀྱི་སེམས་ནང་ནམ་ཡང་གནས་ངེས་རེད།

འདི་ནི་པེ་ཅིང་ནུབ་འདབས་གནམ་ཐང་དུ། བློ་མཐུན་ཅང་ཙེ་མིན་གྱི་གཉེན་ཉེས་འདས་པོའི་སྐུ་པར་དང་། སྤུར་སྒམ། འདས་མཆོད་མེ་ཏོག་ཕྲེང་བ་བཅས་བསྣམས་ནས་ཆེད་གཏོང་གནམ་གྲུའི་ཕྱོགས་སུ་དལ་བུར་སྐྱོད་བཞིན་པ།

ཏང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་དང་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་སོགས་གཉེན་ཉེས་སྤུར་ཐལ་གཤོམ་རྒྱུར་སྲུང་སྐྱེལ་ཞུས།

ཏང་ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་དང་ཅང་ཙེ་མིན་གྱི་སྐུ་ཟླ་ཝང་ཡེ་ཕིན་སོགས་གཉེན་ཉེས་སྤུར་ཐལ་གཤོམ་རྒྱུར་སྲུང་སྐྱེལ་ཞུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1