“སྒྲོག་འགྲེལ་བ”ཡག་པོ་བྱས་ནས་མང་ཚོགས་ཀྱི་བྱ་བ་ཡག་པོ་བསྒྲུབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-15


        ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་རྒྱག་པ་དང་། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་ཁྲིད་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཤུགས་བརྒྱབ་སྟེ། “ཁུག་མའི་ལག་དེབ”ཡག་པོ་སྦྱོང་བ་དང་། “སྒྲོག་འགྲེལ་བ”ཡག་པོ་བྱེད་པ། མང་ཚོགས་ཀྱི་དོན་དག་ཡག་པོ་སྒྲུབ་པ་སོགས་ཀྱི་བྱེད་སྟངས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་གྱི་འཐབ་ས་དང་པོར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་རེད།

 “ཁུག་མའི་ལག་དེབ”ཆུང་ཆུང་གིས་ནུས་པ་ཆེན་པོ་ཐོན་པ།

        “‘ཁུག་མའི་ལག་དེབ’དེར་རིན་ཐང་ཆེན་པོ་ལྡན་ཡོད། དེར་ནང་དོན་ཚང་མ་འདུས་ཡོད་ལ་གཙོ་གནད་ཀྱང་མངོན་གསལ་དོད་པས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པར་སྟབས་བདེ་པོ་འདུག”ཅེས་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་ཆུ་བཟང་རི་ཁྲོད་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་སྒྲོལ་དཀར་ཆོས་མཚོས་བཤད།

        སྤྱི་བདེའི་ལས་དོན་གྱི་ས་ཚིགས་མང་ལ་ལམ་ཐག་རིང་བ་དང་མི་སྣ་ཁ་ཐོར་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་འཕྲལ་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་གཙོ་གནད་སློབ་སྦྱོང་ནང་དོན་ལེགས་སྒྲིག་བྱས་ནས་ལས་རོགས་ཉེན་རྟོག་པ་ཡོངས་ལ“ཁུག་མའི་ལག་དེབ”སྟེ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ལག་དེབ》སྤྲད་པ་རེད།

        “ཁུག་མའི་ལག་དེབ”སྤྲད་རྗེས་ཏང་ཀྲི་པུའུ་རུ་གཅིག་སྡུད་སློབ་སྦྱོང་བྱེད་པ་ཕུད། ལས་རོགས་ཉེན་རྟོག་པས་ད་དུང་ཁོམ་པ་བྱུང་མ་ཐག་རང་སྦྱོང་བྱས་ནས་ལས་ཀ་དང་སློབ་སྦྱོང་གི་འགལ་བ་ནུས་ལྡན་བསལ་བ་དང་། སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཡོད།

    “རྒྱུན་གཏན་གྱི་སྐད་ཆར”བརྟེན་ནས་ཏང་གི་སྐད་སྒྲ་བཟང་པོ་བརྒྱུད་སྤྲོད་ཡག་པོ་བྱས་པ།

        གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དོག་སྡེ་མངགས་གཏོང་ཁང་གི་སུའོ་ཀྲང་ཚའེ་ཝུའེ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་རྒྱུན་གཏན་གྱི་ལས་ཀ་དང་མཉམ་འདྲེས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི“སྒྲོག་འགྲེལ་བ”ཡག་པོ་ཞིག་བྱེད་ཀྱི་ཡོད།

        “ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་སྤེལ་སྐབས། ང་ཚོས་གཞི་རིམ་བཅོས་སྐྱོང་གི་དྲ་མིག་ཅན་གྱི་ལས་སྟེགས་དེ་སྒྲོག་འགྲེལ་གྱི་སྟེགས་བུ་ཞིག་ཏུ་བསྒྱུར་ནས་འཚོ་བའི་དོན་དངོས་དང་དམ་པོར་བསྟུན་ཏེ་མང་ཚོགས་ཉེ་འགྲམ་གྱི་ཐོན་སྐྱེད་དང་འཚོ་བའི་འགྱུར་ལྡོག་དང་སྲིད་ཇུས་གསལ་འགྲེལ་ཟུང་འབྲེལ་བྱེད་པ་དང་མང་ཚོགས་ཀྱིས་དགའ་པོ་བྱེད་པའི‘རྒྱུན་གཏན་གྱི་སྐད་ཆར’བརྟེན་ནས་ཏང་གི་སྐད་སྒྲ་བཟང་པོ་བརྒྱུད་སྤྲོད་བྱེད་ཀྱི་ཡོད”ཅེས་ཚའེ་ཝུའེ་ཡིས་ངོ་སྤྲོད་བྱས།

        དོག་སྡེ་ཤང་འོད་པ་གྲོང་ཚོར་སླེབས་སྐབས་ཚའེ་ཝུའེ་ཡིས་གྲོང་ཚོའི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་འཚོ་བའི་སྐོར་གླེང་ཞོར་དུ་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་འགྲེལ་བཤད་བརྒྱབ་ཅིང་། ཁོང་གིས་འོད་པ་གྲོང་ཚོའི་བྱང་ངོས་ཀྱི་རི་བོ་ནས་དཔེ་དྲངས་ཏེ། “རི་རྐེད་དུ་བྲིས་པའི་རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་ཅེས་པའི་ཚིག་འདི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དུའང་བཏོན་ཡོད། ཁོར་ཡུག་ནི་དམངས་འཚོ་ཡིན་པ་དང་། སྔོ་ལྗང་རི་བོ་ནི་མཛེས་སྡུག་ལྡན་པ་ཡིན་པ། དགུང་སྔོན་ནི་བདེ་སྐྱིད་ཡིན་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་ནི་དམངས་འཚོའི་ཆེད་དུ་རེད་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེའང་དམངས་འཚོའི་ཆེད་དུ་རེད། སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཚེ་ང་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ”ཅེས་བཤད།

        “འོད་པ་གྲོང་ཚོ་ནི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་ཞིག་ཡིན་པ་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་གསེར་རི་དངུལ་རིར་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་གྲོང་མི་བྱམས་པས་དགའ་ཚོར་ཆེན་པོས་བཤད།

        དམངས་ལ་བྱ་བ་དངོས་བསྒྲུབས་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན།

        “རྒྱལ་སྲིད་ནི་མི་དམངས་ཡིན་ཞིང་། མི་དམངས་ནི་རྒྱལ་སྲིད་ཡིན” ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་གསུང་འདི་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རིམ་ཁག་ཏང་རྩ་འཛུགས་ཀྱིས་བྱ་སྤྱོད་དངོས་ནས་ལག་བསྟར་བྱེད་ཅིང་། ཁོ་ཚོས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ནས་འགོ་བཙུགས་ཏེ་གཞི་རིམ་སྤྱི་བདེའི་ལས་དོན་གྱི་ཞབས་འདེགས་ཟམ་མི་ཆད་པར་ལེགས་སུ་བཏང་བས་མི་དམངས་མང་ཚོགས་ཚོར་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་ཚོར་ཡོད།

        གྲང་ངར་ཆེ་བའི་དགུན་དུས་སུ་གནམ་གཤིས་སྐམ་ཤས་ཆེ་བས་ཉེ་དུས་བར་སྐོར་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་སྒོ་ར་དང་ཚོང་ཁང་ཆུང་གྲས་ལ་མཚམས་འདྲི་བྱས་ནས་ས་གནས་ས་ཐོག་ཏུ་ཐོག་ཁ་དང་བར་ཁྱམས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད་ལ་ཞིབ་བཤེར་བྱེད་ཞོར་གྲོང་མིར་ངེས་པར་དུ་གློག་དང་མེ་བེད་སྤྱོད་ལ་དོ་སྣང་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་དགོས་པའི་མངག་བྱ་བྱས་པ་རེད།

        བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཨུ་ཡོན་ཏུའུ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དགུན་ཁ་ཤར་བ་ནས་བཟུང་བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་ཀྱིས་ཁོངས་གཏོགས་ཁུལ་དུ་དཀའ་ངལ་ཡོད་པའི་མང་ཚོགས་དང་། དབང་པོ་སྐྱོན་ཅན། མི་ཧྲེང་རྒན་རྒོན་སོགས་ལ་རོགས་སྐྱོར་དང་འཚམས་འདྲི་ཐེངས་མང་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་12.6གྲབས་གསོག་བྱས་པ་དང་དུད་ཚང་310ལྷག་ཙམ་ལ་འཚམས་འདྲི་བྱས་ནས་ཁོ་ཚོར་འཚམས་འདྲིའི་དངུལ་དང་། འབྲས། གྲོ་ཞིབ། སྣུམ། སྨན་སོགས་འཚོ་བའི་དངོས་ཟོག་སྤྲད་པ་རེད།

        བྱ་བ་ཆུང་རྩག་རེ་རེ་ནས་ལྷག་བསམ་མངོན་པ་དང་། བསྔགས་བརྗོད་རེ་རེར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་མིག་སྔའི་ལས་དོན་ཁག་དང་མཉམ་འདྲེས་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས་མང་ཚོགས་ལ་སེམས་ཁྲལ་སེལ་རོགས་དང་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ཏེ་བྱ་སྤྱོད་དངོས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1