《ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་ རྩ་གནད(2022ལོ་ནས་2035ལོ་བར)》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-16


ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

《ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་ རྩ་གནད(2022ལོ་ནས་2035ལོ་བར)》བཀྲམ་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་རྩ་གནད(2022ལོ་ནས་2035ལོ་བར)》བཀྲམ་པ་རེད།

        《རྩ་གནད》ནང་བསྟན་དོན། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་ནང་མཁོའི་མ་ལག་ཆ་ཚང་པོ་སྐྱེད་སྲིང་བྱེད་རྒྱུ་ནི་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་རྒྱུན་འཁོར་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་གྲུབ་པར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད་ལ། རང་རྒྱལ་གྱི་ཕུགས་ཀྱི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བཀོད་ཇུས་ཤིག་ཀྱང་རེད།

        སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ན། 2035ལོར་རྒྱང་ལྟ་བྱེད་སྐབས། ནང་མཁོ་རྒྱ་སྐྱེད་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཕུགས་ཀྱི་དམིགས་ཚད་ནི། འཛད་སྤྱོད་དང་མ་འཇོག་གི་གཞི་ཁྱོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་ནང་མཁོའི་མ་ལག་ཆ་ཚང་བ་ཁྱོན་ཡོངས་ནས་འཛུགས་རྒྱུ་དང་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་དཔེ་གསར་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་སྔར་ལས་ཆེ་བ་ཐོབ་པ་བྱེད་རྒྱུ་དང་། གནད་འགག་དང་ལྟེ་བར་གྱུར་པའི་ལག་རྩལ་ལ་ཚད་བརྒལ་གལ་ཆེན་བྱུང་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་ནང་མཁོས་སྐུལ་ཁྲིད་བྱེད་པའི་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་སྔར་བས་ལས་ཕྱོད་ཆེན་པོས་ཐོགས་མེད་ཆགས་པར་བྱེད་རྒྱུ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་དང་གྲོང་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ། མི་དམངས་ཡོངས་རྫོགས་ཐུན་མོང་འབྱོར་ཕྱུག་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་རྒྱུ། སྒྱུར་བཅོས་ཀྱིས་ནང་མཁོའི་འཕེལ་རྒྱས་ལ་ཐོན་པའི་འདེགས་སྐྱོར་གྱི་ནུས་པ་ཇེ་ཆེར་ཕྱིན་ནས་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་འགྲོ་བ་དང་དེང་རབས་ཀྱི་འཁོར་རྒྱུག་མ་ལག་ཁྱོན་ཡོངས་ནས་བསྐྲུན་རྒྱུ། རང་རྒྱལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ནང་ཞུགས་པའི་ལེགས་ཆ་གསར་པ་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རྒྱལ་སྤྱིར་རྒྱལ་ནང་གི་ཁྲོམ་རའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཤུགས་ཆེན་གཏོང་རྒྱུ་བཅས་རེད།

        2035ལོའི་ཕུགས་ཀྱི་དམིགས་ཚད་ལ་དམིགས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་ཐོག་བསམ་བློ་བཏང་སྟེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་དམིགས་ཚད་གཙོ་བོ་ནི། འཛད་སྤྱོད་ཀྱི་མ་འཇོག་ལ་སྐུལ་འདེད་བཏང་སྟེ་ནང་མཁོའི་གཞི་ཁྱོན་ལ་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ་བྱེད་རྒྱུ་དང་། བགོ་བཤའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་ནང་མཁོའི་མི་མངོན་པའི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་རྒྱུ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་རྒྱལ་ནང་གི་དགོས་མཁོ་སྔར་བས་ལེགས་པར་སྐོང་རྒྱུ། ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ནང་མཁོ་སྐུལ་སྤེལ་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་པ་བྱེད་རྒྱུ། དཔལ་འབྱོར་རྒྱུན་འཁོར་ཐོགས་མེད་ཆགས་ནས་ནང་མཁོ་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་བཅས་རེད།

        《རྩ་གནད》ནང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ནང་མཁོ་རྒྱ་སྐྱེད་གཏོང་བའི་ཐད་འཕྲད་པའི་གནད་དོན་གཙོ་བོར་དམིགས་པ་དང་ལྷག་པར་དུ་ནུས་ལྡན་གྱི་མཁོ་སྤྲོད་ནུས་པ་མི་འདང་བ་དང་། བགོ་བཤའི་ཧེ་བག་ཅུང་ཆེ་བ། འཁོར་རྒྱུག་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོ་པོ་མེད་པ། འཛད་སྤྱོད་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ། མ་འཇོག་གྲུབ་ཆ་སྔར་བཞིན་ལེགས་སུ་གཏོང་དགོས་པ་སོགས་ཀྱི་འགག་གནད་དང་དཀའ་གནད་ལ་དམིགས་ཏེ་ནང་མཁོ་རྒྱ་སྐྱེད་དུ་གཏོང་བའི་འཐབ་ཇུས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་དང་ལག་བསྟར་བྱེད་དགོས། ནང་མཁོའི་མ་ལག་ཆ་ཚང་པོ་སྐྱེད་སྲིང་མགྱོགས་པོ་བྱས་ནས་རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་ཆགས་པར་སྐུལ་འདེད་གཏོང་བ་དང་རྒྱལ་ནང་གི་དཔལ་འབྱོར་རྒྱུན་འཁོར་ཐོགས་མེད་ཡོང་བར་འདེགས་སྐྱོར་བྱེད་དགོས་ཞེས་བཏོན་ཡོད།

        《རྩ་གནད》ནང་། ད་དུང་འཛད་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་དང་འཛད་སྤྱོད་ཀྱི་སྤུས་ཚད་མཐོར་གཏོང་ལེགས་གཏོང་མགྱོགས་པོ་བྱེད་པ་དང་། མ་འཇོག་གྲུབ་ཚུལ་ལེགས་སུ་གཏོང་བ་དང་མ་འཇོག་གི་བར་མཐོངས་རྒྱ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ནང་མཁོའི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་དགོས་མཁོ་སྔར་ལས་ལེགས་པ་མངོན་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནས་ཀྱང་བླང་བྱ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1