ཡུལ་གྲོང་གི་སྡེ་ཁུལ་ནས་ཞིང་ཁའི་བར་དང་། སློབ་གྲྭ་ནས་དམག་སྒར་བར། མང་ཚོགས་ཀྱི་ཚོགས་པ་ནས་གསར་བ་གཉིས་ཀྱི་རྩ་འཛུགས་བར། དགུན་སྟོད་འདིར་མཛོད་དགེའི་ས་གཞི་ཆེན་མོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་བཅས་བྱེད་པའི་ཚ་རླབས་འཕྱུར། གནད་ལ་འཁེལ་ཞིང་གསོན་ཉམས་ལྡན་པའི་སྒྲོག་འགྲེལ་རེ་རེས། རྒྱ་ཆེའི་མང་ཚོགས་ཀྱིས་སྔར་ལས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་དོན་རྟོགས་པ། ཉམས་སུ་བླངས་ཏེ། སྔར་ལས་ཡིད་ཆེས་བརྟན་པོས་བཤུལ་ལམ་གསར་བར་བསྐྱོད་ཅིང་སྟོབས་ཤུགས་གཅིག་སྒྲིལ་གྱིས་དུས་རབས་གསར་བར་བྱས་རྗེས་འཇོག་པར་ཁྲིད་སྟོན་གནང་།
དགུན་སྟོད་འདིར་མཛོད་དགེར་ཁ་བ་བུ་ཡུག་འཚུབ་ཅིང་གྲང་ངར་ཆེ། དྲང་འཕྱང་དུ་ཆགས་པའི་གཡང་གཟར་དག་གངས་རིའི་མཐའ་ནས་བསྐོར་བ། ས་བབ་མཐོ་ཚད་སྨི༣༥༠༠ཅན་གྱི་རི་རྩེ་དགུང་ལ་ཟུག རྫོང་མཁར་དང་བར་ཐག་སྤྱི་ལེ༡༠༠ཡས་མས་ཀྱི་གངས་རིའི་འདབས་སུ་ཆགས་པའི་རྐྱང་ཚ་ཡུལ་ཚོ་དང་འབྲིང་བ་ཡུལ་ཚོར། མང་ཚོགས་རྣམས་ཀྱིས་ལག་ཏུ་ཁ་བཏགས་བཟུང་སྟེ། དཀོན་མཆོག་སྐྱབས་སོགས་ཀྱིས་གྲུབ་པའི་རྨ་ཀླུང་རིང་མོའི་བརྩེ་འདང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་ཡོང་བར་བསྒུགས་ཡོད།
དཀོན་མཆོག་སྐྱབས་ནི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་གཞོན་ནུ་ཉེན་རྟོག་ལས་བྱེད་པ་ཞིག་ཡིན། ད་ལོར་ཁོས་གཞི་རིམ་དུ་ཏང་གི་ཚོགས་ཆེན་ཉི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཐེངས་ལྔ་པ་ཡིན། ཁོ་ནི༡༩༩༥ལོར་བཙས་ཤིང་ལོ་ན་ཆེ་རྒྱུ་མེད་མོད། ཡིན་ཡང་སྒྲོག་འགྲེལ་ཉམས་མྱོང་ཕུན་སུམ་ཚོགས། ཁོ་༢༠༢༠ལོར་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་སྐད་གཉིས་སྒྲོག་འགྲེལ་དཔུང་སྡེར་ཞུགས། རྨ་ཀླུང་རིང་མོའི་བརྩེ་འདང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པ་ཚུགས་ནས་བཟུང་། དགུན་དཔྱིད་གང་ཡིན་རུང་དཀོན་མཆོག་སྐྱབས་སོགས་ཡུལ་གྲོང་སོ་སོར་བསྐྱོད་དེ། ཡུལ་མི་སྤུན་ཟླ་རྣམས་ལ་ཏང་གི་སྲིད་ཇུས་བཟང་བོ་འགྲེལ་བཤད་གནང་། ཁོའི་བྱེད་སྟངས་དེས་ཚང་མར་རང་ཉིད་ཀྱི་སྡོད་གནས་ལམ་ཐག་རིང་ཡང་། ཏང་གི་ཐུགས་ཁུར་ནམ་ཡང་ཁོ་ཚོ་དང་མཉམ་དུ་ཡོད་པར་ཚོར་དུ་བཅུག
རྨ་ཀླུང་རིང་མོའི་བརྩེ་འདང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའི་དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར། དེ་རིང་འགྲོ་ས་ཅུང་མང་ལ་ལམ་ཐག་ཀྱང་རིང་། དེར་བརྟེན་དོ་དགོང་ཕྱིར་ལོག་མི་ཐུབ་པས་གྲོང་སྡེར་ཞག་སྡོད་བྱེད་པ་ལས་ཐབས་མེད། སང་ཉིན་ད་དུང་ཐེ་བོ་གྲོང་རྡལ་དུ་སྐྱོད་དགོས་ཟེར།
ཞོགས་པའི་ཆུ་ཚོད༨ཐོག་རྫོང་མཁར་ནས་ལམ་ལ་ཆས་ཏེ། ཉིན་གུང་སླེབས་ལ་ཉེ་བའི་སྐབས་སུ་ད་གཟོད་རྐྱང་ཚ་ཡུལ་ཚོར་སླེབས། ཀྱག་ཀྱོག་གི་རི་ལམ་གྱིས་དཀོན་མཆོག་སྐྱབས་ལ་འཁོར་དུག་བསླངས། ཡིན་ཡང་མང་ཚོགས་ཀྱིས་ཁོ་ཚོར་བསྒུགས་ཡོད་པ་དྲན་སྐབས། སྐད་ཅིག་ཉིད་ལ་ཕུང་བོ་མི་བདེ་བ་བརྗེད་འགྲོ།
དཀོན་མཆོག་སྐྱབས་ཀྱིས་གསར་འགོད་པར་བཤད་རྒྱུར། ང་རང་ཉིད་ཀྱང་མཛོད་དགེའི་ས་གནས་ཀྱི་མི་ཡིན་ལ། ཆུང་དུས་ནས་འདིར་ལག་ཆགས་པ་ཡིན། ད་ཐེངས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་དུ་མངགས་པ་རེད། མི་སེར་གྱིས་ཀྱང་ངའི་སྐད་གོ་སླ་བས། སྔར་ལས་མི་སེར་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྟོགས་སུ་འཇུག་ཐུབ་ལ། སྔར་ལས་མི་སེར་ལ་ཏང་གི་སྲིད་ཇུས་བཟང་བོ་རྟོགས་སུ་འཇུག་ཐུབ་པས། ཡུལ་མི་སྤུན་ཟླ་རྣམས་ལ་ཏང་བཀའ་བརྩི་ཞིང་ཏང་དྲིན་དྲན་པ། ཏང་རྗེས་འབྲང་དུ་འཇུག་ཐུབ།
རླངས་འཁོར་ལས་བབས་མ་ཐག་དཀོན་མཆོག་སྐྱབས་སོགས་ཀྱིས་འཕྲེད་ཡིག་འགེལ་བ་དང་ཅོག་ཙེ་སྒྲིག་པ། སྒྲ་སྒམ་སྙོམས་སྒྲིག་བཅས་བྱེད་འགོ་བརྩམས། ཡོད་ཚད་གྲ་སྒྲིག་བྱས་ཚར་རྗེས། དཀོན་མཆོག་སྐྱབས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་འགོ་བརྩམས།
དཀོན་མཆོག་སྐྱབས་ཀྱིས་བཤད་རྒྱུར། ཚང་མ་སྐུ་ཁམས་བཟང་། དེ་རིང་ང་ཚོ་འདིར་ཡོང་སྟེ་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་ཡིན། ངས་གཞི་རིམ་མི་སེར་གྱི་ཐུགས་ཁུར་ཆེ་ཤོས་ཀྱི་གནད་དོན་འགའ་ཞིག་ཕྱོགས་སྡོམ་བྱས་ཡོད། དཔེར་ན་སྨན་བཅོས་འགན་ལེན་དང་སློབ་གསོའི་བྱ་གཞག་སོགས་ལྟ་བུ།
གྲངས་ཉུང་མི་རིགས་ས་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལ་དམིགས་ཏེ། ཁོས་སྒྲོག་འགྲེལ་གོ་རིམ་ཁྲོད་གོ་སླ་བའི་སྒོ་ནས་ས་གནས་རང་གི་ཡུལ་སྐད་བཤད་ཐུབ་པར་མ་ཟད། བབ་ཆགས་པའི་བོད་སྐད་ཀྱིས་རིག་གནས་ཀྱི་ཆུ་ཚད་མི་འདྲ་བའི་མང་ཚོགས་ལ་སྒྲོག་འགྲེལ་བྱེད་ཐུབ།
མི་སེར་རྣམས་ལ་ཏང་གི་ཐུགས་ཁུར་དང་དྲོད་ཁོལ་མྱོང་དུ་འཇུག་ཆེད། སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་སྦྲགས། ད་དུང་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གནང་བར་མ་ཟད། རྫོང་བོད་སྨན་ཁང་གི་སྨན་པས་མང་ཚོགས་ལ་ནད་བརྟག་དང་རིན་མི་དགོས་པར་སྨན་སྟེར།
སྒྲོག་འགྲེལ་མཇུག་བསྒྲིལ་རྗེས་དཀོན་མཆོག་སྐྱབས་དང་རུ་མི་རྣམས་ཀྱིས་གུང་ཟས་འཚབ་འཚུབ་ངང་ཟས་རྗེས། ཡུལ་གྲོང་གཞན་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་འགོ་བརྩམས།
ལོ་མང་རིང་རྨ་ཀླུང་རིང་མོའི་བརྩེ་འདང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པས་རྩྭ་ཐང་གི་ཟབ་སར་སློབ་ཐུན་འཚོགས་ཤིང་། གཞུང་ལུགས་ཀྱི་ནང་དོན་རྩྭ་ཐང་དུ་བཀོད་པ་དང་། བརྩེ་བ་ངོ་མས་རང་འགན་ལེགས་པར་བསྒྲུབས་ཏེ། མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐ་མའི་སྤྱི་ལེའང་བསྐྱུར་མེད།
མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་བེའུ་སྒང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་དགེ་འདུན་གྲགས་པས་བཤད་རྒྱུར། དེ་རིང་སྒྲོག་འགྲེལ་ཚོགས་པ་འདིར་ཡོང་སྟེ་ང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བས། རྒྱ་ཆེའི་མི་སེར་གྱིས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལས་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་རྒྱས་སྐོར་ལ་རྒྱུས་ལོན་ངེས་ཅན་བྱུང་བར་མ་ཟད། ཡིད་ཆེས་ཀྱིས་ཁེངས་ཡོད། ད་དུང་ང་ཚོར་རིན་མི་དགོས་པར་སྨན་སྟེར་བས། ང་ཚོ་མི་སེར་གྱིས་ཏང་གི་ཐུགས་ཁུར་ཚོར་ཡོད། ང་ཚོས་ཏང་བཀའ་བརྩི་ཞིང་ཏང་དྲིན་དྲན་པ། ཏང་རྗེས་འབྲང་བ་བཅས་བྱེད་ངེས།
ད་ཆའི་བར་མཛོད་དགེ་རྨ་ཀླུང་རིང་མོའི་བརྩེ་འདང་གཞུང་ལུགས་སྒྲོག་འགྲེལ་ཚོགས་པས་བསྡོམས་པའི་སྒྲོག་འགྲེལ་ཐེངས༩༨གནང་བ་དང་། སྒྲོག་ཤོག༢༥༠༠༠ལྷག་བཀྲམ་ཞིང་། ལས་བྱེད་མང་ཚོགས་དང་སློབ་གྲྭའི་དགེ་སློབ། ཁེ་ལས་དང་དཔོན་དམག དགོན་པའི་གྲྭ་བཙུན་བཅས་མི་ཐེངས༣༠༠༠༠ལ་ཁྱབ་ཡོད། གཞུང་ལུགས་ཀྱི་མཐོ་ཚད་དང་ལག་ལེན་གྱི་ཟབ་ཚད་ལྡན་པའི་སྒྲོག་འགྲེལ་རེ་རེ་ནི། གསོན་ཉམས་ལྡན་པའི་གཞུང་ལུགས་གསབ་ཁྲིད་ཐེངས་རེ་ཡིན་པར་མ་ཟད། བསམ་བློའི་སྐུལ་སློང་ཐེངས་རེའང་ཡིན། མི་དམངས་མང་ཚོགས་ཀྱིས་ཉན་འདོད་ཅིང་གོ་ཐུབ་པ། རྟོགས་ཐུབ་ལ་དང་ལེན་བདེ་བ། དོན་འཁྱོལ་ཐུབ་པ་བཅས་ཀྱི་བསམ་བློའི་གསོལ་སྟོན་རེ་རེས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛོད་དགེའི་རྨ་ཁུགས་རྩྭ་ཐང་ཆེན་མོར་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་དུ་བཅུག །