༄༅།།ཏོག་གསར་ནད་ལས་དྲག་སྐྱེད་བྱུང་རྗེས་ཁྱིམ་དུ་འདི་ལྟར་བྱེད་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-20


         ཁྱིམ་སྡོད་བྱས་ནས་ཏོག་གསར་ནད་དྲག་སྐྱེད་བྱུང་རྗེས། ཁྱིམ་ཚང་ནང་ཁུལ་དུ་དུག་སེལ་གང་ལྟར་བྱེད་དགོས་སམ། དུག་སེལ་ཇི་ལྟར་བྱས་ན་ཕན་པ་ཡོད་དམ།

        ཟླ་12པའི་ཚེས་16ཉིན། རྒྱལ་སའི་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་པེ་ཅིན་ཡིའུ་ཨན་སྨན་ཁང་གི་འགོས་ནད་ཕྱོགས་བསྡུས་ཚན་ཁག་གི་ཀྲུའུ་རེན་སྨན་པ་ལི་ཏུང་ཙིན་གྱིས། དུག་སེལ་ཚད་བརྒལ་བྱེད་པའི་དགོས་པ་མེད། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་འཇུག་པ་ནི་བྱེད་ཐབས་གོང་ཁེ་ཤོས་དེ་ཡིན་པ་དང་།ནད་དུག་དེ་ཁང་བའི་དྲོད་ཚད་ཀྱི་ཆ་རྐྱེན་འོག་དུས་ཡུན་རིང་པོར་འཚོ་མི་ཐུབ། དེ་བས་གཞི་ཁྱོན་ཆེ་བའི་སྒོ་ནས་དུག་སེལ་སྨན་ཆུ་གཏོར་མི་རུང་བ་བློ་ལ་ངེས་དགོས་པའི་དྲན་སྐུལ་བྱས།

        ཏོག་གསར་ནད་དུག་ནི་ངེས་པར་དུ་གནས་བདག་ཕྲ་ཕུང་གི་ནང་ནས་ད་གཟོད་འདྲ་བཟོ་བྱེད་ཐུབ། གལ་ཏེ་མི་ལུས་དང་ཁ་བྲལ་ན། ཁང་ཁྱིམ་དྲོད་ཚད་འོག་ཏུ་ཆུ་ཚོད་2ནས་3གྱི་ནང་དུ་གྲུང་གཤིས་ཤོར་འགྲོ་བ་རེད། གལ་ཏེ་གསང་སྤྱོད་དང་ཐབ་ཚང་སོགས་རླུང་རྒྱུག་མི་བདེ་བའི་ཁང་མིག་ཡིན་ན། དེའི་འཚོ་གནས་ཀྱི་དུས་ཡུན་ཅུང་རིང་བ་སྨོས་མེད་རེད། ལི་ཏུང་ཙིན་གྱིས་ཁྱིམ་དུ་དུག་སེལ་བྱེད་སྟངས་ལ་མཚོན་ན། བྱེད་ཐབས་གོང་ཁེ་ཤོས་དེ་ནི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཏུ་འཇུག་པ་དེ་རེད། སྒེའུ་ཁུང་ཉིན་རེར་ཐེངས་2ནས་3བར་ཕྱེ་དགོས་པ་དང་། ཐེངས་རེར་ཆུ་ཚོད་ཕྱེད་ཀ་ཡས་མས་ལ་ཕྱེ་ན་མཁའ་རླུང་ཁྲོད་ཀྱི་ནད་དུག་གི་གྲངས་ཀ་ཆེས་ཆེར་འཕྲི་ཐུབ།

        གསང་སྤྱོད་ཁང་དང་ཐབ་ཚང་སོགས་ཅུང་བརླན་ཞིང་རླུང་རྒྱུག་དཀའ་བའི་ཁང་པའི་ནང་དུ། ཁིལ་ལྡན་དུག་སེལ་རྫས་སམ་ཡང་ན་75%ཡི་ཆང་བཅུད་ཀྱིས་ཕྱིས་ན་ཆོགལི་ཏུང་ཙིན་གྱིས་གང་ཐུབ་ཅི་ཐུབ་ཀྱིས་སྨན་གཏོར་བའི་བྱེད་ཐབས་སྤྱོད་མི་རུང་ཞེས་དམིགས་བསལ་གྱིས་གསལ་འདེབས་བྱས། ཁྱབ་ཁོངས་ཆུང་བའི་གཙང་ཕྱིས་ཙམ་གྱིས་དུག་སེལ་གྱི་ནུས་པ་ཐོན་ཐུབ་པ་དང་། ལྷག་པར་དུ་གཞི་ཁྱོན་ཆེན་པོའི་ངང་ཆང་བཅུད་གཏོར་མི་རུང་། གལ་ཏེ་མེ་དང་འཕྲད་ན་ཉེན་ཁ་འབྱུང་སླ་བས་ངེས་པར་དུ་ལུགས་མཐུན་གྱིས་སྤྱོད་དགོས། ཁིལ་ལྡན་དུག་སེལ་རྫས་ཀྱིས་གཙང་ཕྱིས་བྱས་ནས་དུས་ཚོད་ཕྱེད་ཀའི་རྗེས་སུ་ཆུ་དྭངས་མོས་ཕྱིས་ཏེ་ཤ་པགས་ལ་མི་གནོད་པ་བྱེད་དགོས།

        ནད་ཕོག་མཁན་གྱིས་སྤྱད་མྱོང་བའི་ཟ་སྣོད་འཐུང་ཆས་དང་ཆུ་ཕོར་སོགས་དྲོད་ཚད་མཐོན་པོས་རླངས་བཙོས་བྱས་ནས་དུག་སེལ་བྱས་ཆོག་ཅིང་། གྱོན་གོས་རྒྱུན་ལྡན་ལྟར་བཀྲུས་ནས་སྐེམ་པས་འཐུས། ལི་ཏུང་ཙིན་གྱིས་ཁྱིམ་དུ་ནད་དུག་ཕྲན་བུ་ལུས་ཀྱང་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། “མི་ལུས་ཀྱི་རིམས་འགོག་མ་ལག་ལ་དྲན་པ་ཡོད་ཅིང་། དེས་ནད་དུག་དེ་རིགས་དང་དམག་འཁྲུག་ཐེངས་གཅིག་བརྒྱབ་མ་ཐག་ཡིན་པས། སྤྱིར་བཏང་ཟླ་3ནས་ལོ་ཕྱེད་ཚུན་ལ་ནད་དུག་རིགས་གཅིག་ཡང་བསྐྱར་འགོ་མི་སྲིད་པ་”བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1