གདེང་ཚོད་བརྟན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-20


གདེང་ཚོད་བརྟན་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།

—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

        “རང་རྒྱལ་གྱི་འཕེལ་རྒྱས་དེ་བས་མཐོ་བའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད” ཟླ་12ཚེས་15དང་ཚེས་16ཉིན་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག འདི་ལོ་ནས་བཟུང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཡོད་ལ། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུའི་གྲུབ་འབྲས་དང་འཕོ་འགྱུར་རླབས་པོ་ཆེར་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་2022ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་གཏིང་ཟབ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་མ་ཟད། 2023ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་ནས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

        ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག འདི་ལོ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་གཏན་འཁེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་ཆེད་གོམ་སྟབས་བརྟན་པོ་སྤོས་ཡོད། ལོ་གཅིག་རིང་། རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། གཏན་འཁེལ་མེད་པའི་རང་བཞིན་བཅས་ཆེ་རུ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་སྟེ་དཀའ་ངལ་བསུ་བཞིན་མདུན་སྐྱོད་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེར་གཏོང་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། ལོ་གཅིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ཚན་རྩལ་གསར་གཏོད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་པ། ལས་ཞུགས་དང་ཟོག་གོང་གཞི་རྩའི་ཆ་ནས་བརྟན་པ། འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུ་བདེ་འཇགས། མི་དམངས་ཀྱི་འཚོ་བ་འགན་ལེན་ནུས་ལྡན་བཅས་བྱུང་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་གནས་ཀྱི་རྙོག་འཛིང་ཆེ་བའི་དུས་བབ་འོག སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེག་དང་དཀའ་ཚེགས་དེ་བས་མང་པོ་དང་ཐ་ན་སྔར་བྱུང་མ་མྱོང་བའི་དཀའ་ཚེགས་ཀྱི་མདུན་དུ་ང་ཚོར་གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས།

        ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག “དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས”དང་། “འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་པ་མཐའ་འཁྱོངས” “བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས” “སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ” “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས” “དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཁྲིམས་སྐྱོང་གི་ལམ་སྲོལ་ཐོག་འཁོར་སྐྱོད་ཐུབ་པ་མཐའ་འཁྱོངས”བཅས་བྱེད་དགོས་པ་བཏོན་ཡོད། འདི་ནི་དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། རང་རེའི་ཏང་གིས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་ཕྱིན་པ་ཞིག་ཡིན། དུས་རབས་གསར་པའི་ལོ་བཅུའི་གྲུབ་འབྲས་དང་འཕོ་འགྱུར་རླབས་པོ་ཆེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པ་ཞིག་རེད། “གཏན་འཁེལ་གཉིས”ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གདེང་སྤོབས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། མདུན་སྐྱོད་ལམ་བུར། ཏང་གི་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཏང་འདི་ཉིད་དཀའ་ངལ་འཕྲད་སྐབས་ཐོག་མཐའ་བར་གསུམ་དུ་དམངས་ཡོངས་ཀྱི་བློས་འགེལ་ཤོས་ཀྱི་སྲོག་ཤིང་དུ་འགྱུར་བ་བྱས་ཚེ། ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་གདེང་ཚོད་དབང་བ་དང་། ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ། ལས་འགན་ཨང་དང་པོ་ཡིན་པའི་འཕེལ་རྒྱས་སྟངས་འཛིན་ནན་པོ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། དངོས་ཐོག་བདེན་འཚོལ་དང་། ཆོས་ཉིད་ལ་བརྩི་འཇོག མ་ལག་འདུ་ཤེས། མཐའ་ཚད་ཀྱི་བསམ་གཞི་བཅས་མཐའ་འཁྱོངས། ལག་ལེན་དེ་སྲིད་ཇུས་ཁག་དང་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས། སྒྲིག་སྲོལ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ་བཅས་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རླབས་གཤགས་མདུན་སྐྱོད་ཀྱིས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།

        མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཐོག་ནས་སྤེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མེད་མོད། འོན་ཀྱང་རང་རྒྱལ་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གཏིང་ཤུགས་ཆེ་བ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཡོད་ལ། སྲིད་ཇུས་ཁག་གི་ཕན་འབྲས་ཀྱང་མུ་མཐུད་མངོན་ནས་སང་ལོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་འཕར་ངེས་ཡིན་པ་མཐོང་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་ལ་ཚན་རིག་དང་མཐུན་པའི་ངང་སྟངས་འཛིན་གནང་ནས། སང་ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་གལ་ཆེན་གནང་བ་ལས། རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྣམ་པའི་འོག་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གྱི་ལས་དོན་ལ་ཁ་ལོ་སྒྱུར་བའི་ཁྱད་དུ་འཕགས་པའི་བློ་གྲོས་དང་འཇོན་ཐང་མངོན་ཡོད། སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཡིན་པས། དཔལ་འབྱོར་གྱི་ལས་དོན་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལེགས་པར་གཞི་རྩའི་གནས་ཚུལ་མི་འགྱུར་བའི་དུས་བབ་ཆེན་པོར་སྟངས་འཛིན་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་དགེ་མཚན་ལྡན་པའི་མཐུན་རྐྱེན་ལ་སྟངས་འཛིན། དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཡིད་ཆེས་བརྟན་དུ་གཏོང་བ། འགྱུར་ལྡོག་གསལ་པོ་མཐོང་བ་དང་ངོས་འཛིན་གནད་སྨིན། འགྱུར་ལྡོག་ལ་བྱ་ཐབས་གནད་སྨིན་སྤྱོད་པ། རང་འགུལ་གྱིས་འགྱུར་ལྡོག་ཡོང་བ། ངལ་བ་དང་དུ་བླངས་ནས་ཡར་བརྩོན་དང་འབད་འབུངས་མདུན་སྐྱོད། ཉམས་ཉེན་ཁྲོད་ནས་གོ་སྐབས་སྐྲུན་པ་དང་འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་པ་གཏོད་པ། སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་དགོས།

        སང་ལོའི་དཔལ་འབྱོར་ལས་དོན་གྱི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གཏན་འཁེལ་བྱས་ཟིན་པས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ནུས་ལྡན་ངང་མཐོར་གཏོང་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བའི་ལས་འགན་ཕྲག་ཏུ་བབས་ཡོད་ལ་འགན་འཁྲི་ཡང་ལྕི་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཡིད་ཆེས་བརྟན་པོ་དང་། དངོས་འཛིན་དངོས་སྒྲུབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1