མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཏུའུ་ལན་རྫོང་གི་ལྷོ་རྒྱུད་དུ་གནས་པའི་ཨ་ལ་ཁེ་མཚོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་དཔེ་མཚོན་གྱི་ས་མཐོའི་གྲང་ཁུལ་གྱི་དུས་རླུང་ལྡན་པའི་ཕྱེད་སྐམ་ཤས་ཆེ་བའི་གནམ་གཤིས་ཁོངས་སུ་གཏོགས། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་16799.21ཟིན་པ་དང་མཚོ་ནུབ་ཀྲོའུ་ཡི་ཚྭ་མེད་མཚོ་ཆེ་ཤོས་དེ་ཡིན་ཞིང་། ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་4.9ཟིན་ཡོད། གླིང་ཁུལ་གྱི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་ལས་སྐྱེ་དངོས་སྣ་མང་མཉམ་གནས་དང་སྐྱེ་འཕེལ་བྱེད་པར་འཚམ་ཞིང་། དེའི་ནང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། གསའ། གཉན། གཙོད། བྲག་ལྕམ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཚུད་པ་དང་དེ་ནི་སྐྱེ་ཁམས་དོ་སྙོམས་དང་། ཆུ་རྩྭ་གསོ་འཁྱོངས། ཆུ་གསོག་ཐན་འགོག བཞུར་རྒྱུན་ཚོད་འཛིན་བཅས་ཀྱི་ནུས་པའི་ཁུལ་གལ་ཆེན་ཞིག་རེད།
ད་ཕན་ལོ་ཤས་རིང་། ཏུའུ་ལན་རྫོང་གིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་གཙོ་གནད་དུ་བྱེད་པ་དང་། འབྲེལ་ཡོད་ལས་གྲྭ་གལ་ཆེན་མགྱོགས་མྱུར་ལག་ལེན་བསྟར་བ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏུའུ་ལན་རྫོང་གི་འདམ་ར་སྲུང་སྐྱོང་གི་བྱ་གཞག་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད།