ཧུང་ཡོན་རྫོང་གིས་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།

ཚེ་རིང་སྒྲོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-22


        

        ཞིང་ཆེན་དང་ཁུལ་མི་རིགས་ལས་དོན་ཨུ་ལྷན་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་ཏུ་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མར་2021ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་ཐོབ་ཐང་ཐོབ་པར་མ་ཟད་ད་དུང་ཁ་གསབ་སྒོར་ཁྲི་1000ཐོབ་པ་དང་། ཧུ་ར་སྨད་མས་ཀྱང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་གོ་སྐབས་ལེགས་པོ་དེ་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འབྲོག་ལས་ཟུང་དུ་འབྲེལ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ལྗོངས་སྐོར་རིག་གནས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་ནས་སྲོལ་རྒྱུན་གྱི་བོད་རིགས་གྲོང་སྡེ་དེ་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་བ་ཞིག་གི་རྣམ་པར་མངོན་འགྱུར་བྱུང་ནས་དང་འབྲོག་སྡེ་དེའི་འབྲོག་པ་ཚོའང་ཟླ་ཚེས་ཁུག་པའི་འགྲམ་ནས་འབྲོག་ཁུལ་གྱི་འཚོ་བ་གསར་བ་ཞིག་ལོངས་སུ་སྤྱོད་ཀྱི་གྱིན་ཡོད།

        ཧུ་ར་སྨད་མ་ནི་ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་གྱི་འབྲོག་ལས་རྐྱང་པ་གཉེར་བཞིན་པའི་གྲོང་ཚོ་ཞིག་ཡིན་ཞིང་། དེའི་ཁོངས་གཏོགས་སུ་གྲོང་མིའི་ཚོགས་ཆུང་8དང་དུད་ཚང་236གྲོང་མི་1006ཡོད་པ་རེད། སྔོ་ལ་རྩྭ་ཕྱུགས་དོ་སྙོམས་དང་སྣོད་བཅུད་སྲུང་སྐྱོང་། དེ་བཞིན་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་སོགས་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན། ཧུ་ར་སྨད་མའི་འབྲོག་ལས་འཕེལ་རྒྱས་ཐད་འཇུར་མིག་འཕྲད་ནས་གྲོང་ཚོའི་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་དེ་ཡང་ཅུང་དལ་མོ་ཞིག་གི་གནས་སུ་སླེབས་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་གསར་བ་འཛུགས་སྐྲུན་ལག་བསྟར་བྱས་རྗེས། ཧུ་ར་སྨད་མས་ཀྱང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་གཙུགས་སུ་བཟུང་སྟེ། རྫོང་མཁར་དང་ལམ་ཐག་ཉེ་བ་དང་། 4Aརིམ་པའི་མཛེས་ལྗོངས་ཁུལ་ཟླ་ཚེས་ཁུག་པ་སོགས་ས་གནས་ཀྱི་ཁྱད་ཆོས་ལེགས་པོ་དམ་འཛིན་བྱས་པའི་ཐོག གྲོང་ཚོའི་བཙོག་ཆུ་གཙང་སྒྱུར་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་ཀུན་ནས་འཛུགས་སྐྲུན་བྱས་པ། དེ་མིན་ནོར་གནག་ཚད་ལྡན་ཅན་གྱི་གསོ་སྤེལ་རྟེན་གཞི་བཙུགས་པ་དང་། ཁང་འཁོར་སྒར་འདེབས་ས་ཚིགས་བསྒྱུར་བཀོད་བྱས་པ། ཁང་འཁོར་དང་རི་ཁུལ་བྱེས་བགྲོད་རླངས་འཁོར་སོགས་ཉོ་སྒྲུབ་བྱས་པར་མ་ཟད་གྲོང་གསེབ་ཀྱི་ལྗོངས་སྐོར་སྣེ་ལེན་ཞབས་ཞུ་ལེགས་སུ་བཏང་སྟེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་གྲོང་ཚོའི་མཉམ་ལས་དཔལ་འབྱོར་ལ་འབབ་འཕར་ཡོང་བ་དང་འབྲོག་དུད་ཀྱི་ཡོང་འབབ་འང་ཆེས་ཆེར་འཕར།

        དེ་དང་ཆབས་ཅིག་ཏུ་ཧུ་ར་སྨད་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བརྒྱུད། དཔེ་སྟོན་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོང་ཚོ་གསར་བ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དང་། དོན་སྙིང་། དམིགས་འབེན་དང་བླང་བྱ་སོགས་ཀྱི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པར་མ་ཟད། མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུག་ཁུར་དངོས་སུ་ཚོར་དུ་བཅུག་པ་དང་། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་དམངས་སེམས་སུ་ཟུག་པར་སྐུལ་འདེད་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་རང་ཉིད་ཀྱིས་འཚོ་བ་འཕེལ་རྒྱས་སུ་གཏོང་བའི་སྤྲོ་སེམས་དང་བདེ་སྐྱིད་ཀྱི་འཚོ་བ་རང་ཉིད་ཀྱིས་བརྩོན་ལེན་བྱེད་པའི་རེ་འདུན་སྐུལ་སློང་བྱས་ནས་། མཐུན་སྒྲིལ་ཡར་བརྩོན་གྱི་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་གསེབ་དར་རྒྱས་གོང་འཕེལ་དང་གྲོང་གསེབ་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲོང་ཚོ་གསར་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་སྟེ། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་གང་མང་ཐོབ་ནས་ཧུང་ཡོང་རྫོང་གི་་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1