༄༅། །ས་ཆ་མང་པོ་ཞིག་ནས་འགོག་ཁབ་ཐེངས་བཞི་པ་རྒྱག་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-23


        ཏོག་གསར་ནད་དུག་གི་གཞི་འགྱུར་དུག་སྲིན་མགྱོགས་མྱུར་ཁྱབ་མཆེད་བྱུང་བ་དང་བསྟུན་ནས། རྒན་རྒོན་མི་ཚོགས་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ལ་རྒྱུན་མཐུད་དུ་ནད་དུག་འགོ་བའི་ཉེན་ཁ་འཕྲད་ཡོད་པ་དང་། ངེས་པར་དུ་མུ་མཐུད་དུ་སྔོན་འགོག་བྱེད་ཐབས་ཤུགས་ཆེར་གཏོང་དགོས། མིག་སྔར་ཏོག་གསར་ནད་དུག་གི་ཤུགས་སྣོན་འགོག་ཁབ་ཐོག་མ་དེ་རང་རྒྱལ་གྱི་རྒན་རྒོན་མི་ཚོགས་ཁྲོད་ཁེབས་ཚད་ད་དུང་རྒྱ་སྐྱེད་བྱེད་དགོས་པ་དང་། གཙོ་གནད་ཐོག་རིམས་ཐར་ནུས་པ་ཞན་པའི་མི་ཚོགས་ལ་ཁ་ཕྱོགས་ནས་ཤུགས་སྣོན་འགོག་ཁབ་ཐེངས་གཉིས་པ་རྒྱག་པའི་འཆར་གཞི་རྒྱལ་ཡོངས་ས་གནས་ཁག་ཏུ་དངོས་སུ་སྤེལ་འགོ་ཚུགས་ཡོད།

        རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ཕྱོགས་བསྡུས་ཚོགས་པས་ཚེས་13ཉིན་དཔར་འགྲེམ་བྱས་པའི་《ཏོག་གསར་ནད་དུག་འགོག་ཁབ་ཀྱི་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་གཉིས་པ་རྒྱག་པའི་ལག་བསྟར་ཇུས་གཞི》(གཤམ་དུ་ལག་བསྟར་ཇུས་གཞི་ཞེས་བསྡུ་རྒྱུ)ཞེས་པའི་ནང་། མིག་སྔའི་དུས་རིམ་ལ་རིམས་ཐར་ཤུགས་སྣོན་འགོག་ཁབ་དང་པོ་བརྒྱབ་པའི་རྨང་གཞིའི་ཐོག ནད་དུག་འགོ་ཉེན་ཆེ་བའི་མི་ཚོགས་དང་ལོ་60ཡན་གྱི་རྒན་རྒོན་མི་ཚོགས། ཅུང་ཚབས་ཆེ་བའི་རྨང་གཞིའི་རང་བཞིན་གྱི་ནད་ཕོག་པའི་མི་ཚོགས། རིམས་ཐར་ནུས་པ་ཞན་པའི་མི་ཚོགས་བཅས་ཀྱི་ཁྲོད་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་གཉིས་པ་རྒྱག་དགོས་པའི་སྐོར་བཏོན་ཡོད།

གསར་འགོད་པས་དབྱེ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར། ལག་བསྟར་ཇུས་གཞི་དེ་འགྲེམ་སྤེལ་བྱས་ཚུན་གྱི་གཟའ་འཁོར་གཅིག་ཙམ་གྱི་རྗེས་ཏེ། ཚེས་20ཉིན་བར་དུ་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ། ཧྲེན་ཀྲེན། ཁྲང་ཧྲ། ཧྲི་ཅ་ཀྲོང་། ཀྲེན་ཀྲོའུ། ཧའེ་ཁོའུ། ཁྲུང་ཆིང་བཅས་དང་། དེ་བཞིན་ཀྲེ་ཅང་དང་ཅང་སུའུ། ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་མང་པོས་དངོས་སུ་ཁབ་དེ་རྒྱག་འགོ་ཚུགས་ཡོད་པ་དང་། ས་ཁུལ་དང་འགོག་ཁབ་རྒྱག་མཁན་ཚན་པ་མི་འདྲ་བས་མཁོ་འདོན་བྱས་པའི་འགོག་ཁབ་རིགས་རྣམ་ལ་བར་ཁྱད་ཅུང་ཟད་ཡོད་པ་རེད།

        “གདགས་གཤིས་དྲག་སྐྱེད་”བྱུང་བ་དང་རིམས་ཐར་ནུས་པ་མི་ཞན་པའི་མི་ཚོགས་ལ་འགོག་ཁབ་དེ་རྒྱག་དགོས་སམ།

        མིག་སྔའི་བར། རང་རྒྱལ་གྱིས་རྒན་རྒོན་གྱི་ཏོག་གསར་ནད་དུག་ཤུགས་སྣོན་འགོག་ཁབ་དང་རྨང་གཞིའི་གོ་རིམ་ཧྲིལ་པོའི་འགོག་ཁབ་ཀྱི་བར་མཚམས་དུས་ཚོད་དེ་ཐོག་མའི་ཟླ་བ་6ནས་ཟླ་བ་3བར་ལེགས་སྒྲིག་བྱས་ཡོད། ཡིན་ནའང་མི་ཚོགས་གང་ཞིག་ཡིན་རུང་ཤུགས་སྣོན་རིམས་ཐར་འགོག་ཁབ་ཐེངས་གཉིས་པ་དང་ཐེངས་དང་པོའི་བར་དུ་དུས་ཡུན་ཟླ་6ཡན་གྱི་བར་མཚམས་འཇོག་ཀྱི་ཡོད།

“གདགས་གཤིས་དྲག་སྐྱེད་”བྱུང་བའི་མི་ཚོགས་ལ་མཚོན་ན། དྲག་སྐྱེད་བྱུང་རྗེས་ཡང་བསྐྱར་ཤུགས་སྣོན་རིམས་ཐར་འགོག་ཁབ་རྒྱག་པར་ཡང་དུས་ཡུན་ཟླ་བ་6ཡན་གྱི་བར་མཚམས་འཇོག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1