ཟླ་12ཚེས་23ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཕྲད་གནང་བ།
■ ལི་ཅ་ཁྲའོ་ཡིས་སྲིད་འཛིན་དཔོན་གྱི་འགན་འཁུར་ཚུན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་གསར་པའི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་། དངོས་སྒྲུབ་ལས་རྗེས་འཇོག་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་མཐུན་སྒྲིལ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་ཤུགས་ཆེན་བྱེད་པ། དམངས་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་རྒྱག་པ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྣམ་པ་གསར་པ་མངོན་པ་བཅས་བྱས་ནས། ཤང་ཀང་འདི་ཉིད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཡང་དག་པའི་སྲོལ་ལམ་ཐོག་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་དབྱང་ནས་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་ཕྱི་དྲོ་ཀྲུང་ནན་ཧའེ་ཡི་དབྱིང་ཐའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འགན་སྒྲུབ་གསལ་ཞུ་གནང་བར་ཕེབས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་མཇལ་འཕྲད་གནང་ནས་ཁོང་གིས་ཤང་ཀང་གི་མིག་སྔའི་དུས་བབ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།
ཞི་ཅིན་ཕིང་གིས། ལི་ཅ་ཁྲའོ་ཡིས་སྲིད་འཛིན་དཔོན་གྱི་འགན་འཁུར་ཚུན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་གསར་པའི་སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པ་དང་། དངོས་སྒྲུབ་ལས་རྗེས་འཇོག་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་ལ་མཐུན་སྒྲིལ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་ཤུགས་ཆེན་བྱེད་པ། དམངས་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་རྒྱག་པ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྣམ་པ་གསར་པ་མངོན་པ་བཅས་བྱས་ནས། ཤང་ཀང་འདི་ཉིད“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཡང་དག་པའི་སྲོལ་ལམ་ཐོག་གོམ་སྟབས་བརྟན་པོས་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་དབྱང་ནས་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་རེད་ལ། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ལེགས་ཤོས་ཀྱང་རེད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ཤང་ཀང་གིས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དེ་བས་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཤང་ཀང་ལ་བྱེད་རིན་ཆེན་པོ་ཡོད་པ་དང་མདུན་ལམ་བཟང་པོ་ཡོང་ངེས་རེད་ཅེས་ནན་བཤད་གནང་བ་རེད།