དཀར་མཛེས་ཁུལ་གྱི“9·5”ལྕགས་ཟམ་རྫོང་གི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་གཅིག་སྡུད་ཀྱིས་ལས་མགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-27


        སྤྱི་ཟླ12པའི་ཚེས23ཉིན། དཀར་མཛེས་ཁུལ་གྱི་“9·5”ལྕགས་ཟམ་རྫོང་གི་ས་འགུལ་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་གཞི་གཅིག་སྡུད་ཀྱིས་ལས་མགོ་ཚུགས་པའི་མཛད་སྒོ་དེ་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་ཞ་ཁུའེ་ཝུའུ་གྲོང་སྡེར་སྤེལ་བ་རེད། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ལས་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཡིས་གཙོ་སྐྱོང་གནང་། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཏེང་ལི་ཅུན་གྱིས་ཤིས་ཚིག་ཕུལ།

        ཤེས་རྟོགས་བྱུང་བར་གཞིགས་ན། ཚན་རིག་དང་མཐུན་པའི་བསྐྱར་སྐྲུན་དང་། མི་ཆོས་རིག་གནས་བསྐྱར་སྐྲུན། ལྗང་མདོག་བསྐྱར་སྐྲུན། ཕྱི་གསལ་ནང་གསལ་གྱི་བསྐྱར་སྐྲུན་བཅས་ཀྱི་རྩ་དོན་ལ་གཞིགས་ནས་དཀར་མཛེས་ཁུལ་གྱིས“1+5+N”ཡི་འཆར་འགོད་ཇུས་གཞི་བཟོས་པ་དང་། གེགས་རྗེས་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་197བསྐྲུན་འཆར་ཡོད་པར། སྔོན་རྩིས་ལྟར་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་120.16གཏང་རྒྱུ་རེད། དེར་སྡོད་ཁང་བསྐྱར་སྐྲུན་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། མཛེས་ལྗོངས་ཁུལ་སླར་གསོ། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ས་གཤིས་གནོད་འཚེ་འགོག་བཅོས། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྐྱེ་ཁམས་སླར་གསོ་སོགས་ཚུད་ཡོད་པ་དང་། ལོ་གཉིས་ཀྱི་དུས་ཚོད་རིང་ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་གཞི་རྩའི་ཆ་ནས་འགྲུབ་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

        ཐེངས་འདིའི་གཅིག་སྡུད་ཀྱིས་ལས་མགོ་ཚུགས་པའི་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱ་ཡུལ་4ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.54བཏང་ནས། མང་ཚོགས་དུད་ཚང་582ལ་ཕན་ཐོགས་ཐུབ་པ་དང་། དེས་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ལས་གཞི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་མགྱོགས་པོར་བསྐྲུན་རྒྱུ་ཡིན་པ་མཚོན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཡང་བསྐྱར་ལེའུ་གསར་པ་བརྩམ་རྒྱུ་ཡིན་པ་ཡང་མཚོན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1