རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-27


རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

—— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

        དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་འགན་གལ་ཆེན་ཞིག་རེད། སང་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་པས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འགན་འཁུར་ཕོད་པ་དང་། བྱས་རྗེས་འཇོག་མཁས་པ། གནས་ཚུལ་དངོས་ལ་བརྟག་ཞིབ་བཅས་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སང་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་མངོན་འགྱུར་ཧུར་ཐག་བཅས་བྱས་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

        དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པར་གནད་སྨིན་བརྡར་གཅོད་གནང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་འཛིན་པ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན་བཅས་མུ་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་སྣེ་ཁྲིད་གནང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་པ་ཞིག་དང་། ཏང་ཀྲུང་དབྱང་ལ་རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་སྒྱུར་བའི་བྱང་ཆུབ་པའི་ནུས་པ་ལྡན་པ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་རླབས་གཤགས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་ཁྱད་དུ་འཕགས་པའི་བློ་གྲོས་ལྡན་པ་བཅས་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། དགོས་མཁོ་ཁུ་བསྡུ་དང་མཁོ་སྤྲོད་ལ་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་གནོན་ཤུགས་ལྕི་པོ་གསུམ་སྔར་བཞིན་ཆེ་ཙམ་ཡོད། དུས་བབ་རྙོག་འཛིང་ཆེ་བ་དང་འགྲན་སློང་དྲག་པོ་ཇི་ཙམ་ཡོད་ན། དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། བློ་ཁ་གཅིག་ལ་ཕྱོགས་ཤིང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་པ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པ་བཅས་བྱས་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

        ཏང་གི་ཚོགས་ཆེན་ཉི་ཤུ་པར་ཚན་རིག་དང་མཐུན་པའི་སྒོ་ནས་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ཇུས་འགོད་བྱས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་ནན་བཤད་བྱས་ཡོད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སང་ལོ་བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག རིམ་ཁག་འགོ་ཁྲིད་ལས་བྱེད་པ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། དེ་བས་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་དང་། སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་བྱེད་ཐབས་ལ་གོ་བ་གཏིང་ཟབ་ལེན་པ་དང་གནད་སྨིན་ངང་ཁོང་དུ་ཆུད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་སྟངས་འཛིན་ནན་པོ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

        རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་དང་། ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལྡན་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས། སང་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་དུ་མ་འཕྲད་སྲིད་པ་དང་དཔལ་འབྱོར་ལས་དོན་སྣེ་མང་རྙོག་འཛིང་ཆེ་བར་བརྟེན། དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ཆེད་ལས་ནུས་པར་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད། ཆ་ལག་ཚང་བའི་འདུ་ཤེས་དང་གཞུང་འཁྱོངས་གསར་གཏོད་མཐའ་འཁྱོངས་བྱས་ནས། འཐབ་ཇུས་ཀྱི་སྤྱི་ཡོངས་དང་བསྟུན་ཏེ་འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་སྔོན་དཔག་ལེགས་སུ་གཏོང་བ་དང་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བར་བྱེད་པ། འགག་རྩའི་ལྷུ་ཚིགས་གལ་ཆེན་ལ་དམ་འཛིན་བཅས་བྱས་ཏེ་གོ་རིམ་ལྡན་པའི་ངང་ལས་དོན་ཡག་པོ་སྒྲུབ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ལག་ལེན་དེ་སྲིད་ཇུས་ཁག་དང་ལས་ཀའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞིར་འཛིན་པ་དང་། ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་ནས་སྲིད་ཇུས་ལག་བསྟར་ལ་གཙིགས་ཆེན་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གོ་ཆོད་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་བྱང་ཚད་དང་ཆེད་ལས་ནུས་པ་ཆེ་རུ་བཏང་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀ་གང་ཞིག་བྱེད་དགོས་ན་དེ་སྦྱོང་བ་དང་གང་ཞིག་མི་འདང་ན་དེ་གསབ་པ། ལས་ཀ་བྱེད་རིང་སྦྱོང་བ་དང་སྦྱོང་བའི་རིང་ལས་ཀ་བྱེད་པར་གཙིགས་ཆེན་བཅས་བྱས་ཏེ་ལས་དོན་སྒྲུབ་མཁས་པ་དང་ལས་གནས་ཀྱི་སྣེ་ཁྲིད་པར་འགྱུར་བར་བྱེད་དགོས།

        རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བར། ངེས་པར་དུ་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དེ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་གི་ཆེད་སེམས་ཁྲལ་སེལ་བ་དང་། རྒྱལ་ཁབ་ཀྱི་ཆེད་རང་འགན་གཙང་སྒྲུབ། མི་དམངས་ཀྱི་ཆེད་་ལེགས་སྐྱེས་འབུལ་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐད་ནས་མངོན་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱི་འདུན་པ་བསྒྲུབས་ནས་མི་དམངས་ཀྱི་ཁེ་ཕན་ཐོག་མཐའ་བར་གསུམ་དུ་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ལྷག་བསམ་རྣམ་དག་ངང་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡག་པོ་ཆུད་པ་དང་དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་དང་ཡག་པོ་སྤྱད་དེ་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དུས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་སྨིན་ངང་འགན་འཁྲི་རྩད་གཅོད་བྱས་ནས། འགན་འཁུར་མཁན་ལ་འགན་འཁུར་བ་དང་། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ལས་བྱེད་པ་ཚོས་ལས་ཀ་བྱེད་ཕོད་པ་དང་། ས་གནས་ཀྱིས་ལས་དོན་སྒྲུབ་ཕོད་པ། ཁེ་ལས་ཀྱིས་ལས་དོན་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་བྱེད་དགོས།

        སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་བརྟན་པོ་སྤོ་དགོས།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་འབྱོར་བའི་གློག་འཕྲིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1