འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་22ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཡུན་ནན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདི་ལོ་ཡུན་ནན་ཞིང་ཆེན་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་བྱུང་ཞིང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་སྐྱེ་དངོས་ཀྱི་འདེབས་ཁྱོན་མུའུ་ཁྲི་6316.46ཟིན་པ་དེ་2021ལོ་ལས་མུའུ་ཁྲི་29.4མང་དུ་ཕྱིན་ནས་0.47%འཕར་བ་དང་། ཐོན་འབོར་ཏུན་ཁྲི་1957.96ཟིན་པ་དེ་2021ལོ་ལས་ཏུན་ཁྲི་27.66མང་དུ་ཕྱིན་ནས་1.43%འཕར་བ། འབྲུ་རིགས་ཀྱི་ཕྱོགས་བསྡུས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་309.98ཟིན་ནས་དུས་མཚུངས་ལས་0.96%འཕར་བ་བཅས་རེད།
འདི་ལོ་ཚུན་དུ། ཡུན་ནན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་ཞིང་དར་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་པས། འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
དབྱར་འབྲུའི་ཐོན་སྐྱེད་ཐད“གཉིས་འཕར་གཅིག་ཆག”བྱུང་ཞིང་། འདི་ལོ་ཞིང་ཆེན་ཡོངས་ཀྱི་དབྱར་འབྲུའི་འདེབས་ཁྱོན་མུའུ་ཁྲི་1470.42ཟིན་པ་དེ་2021ལོ་ལས་མུའུ་ཁྲི་13.86མང་དུ་ཕྱིན་ནས་0.95%འཕར་བ་དང་། དབྱར་འབྲུའི་ཐོན་འབོར་ཏུན་ཁྲི་263.67ཟིན་པ་དེ་2021ལོ་ལས་ཏུན་ཁྲི་1.86མང་དུ་ཕྱིན་ནས་0.71%འཕར་བ། དབྱར་འབྲུའི་ཕྱོགས་བསྡུས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་179.32ཟིན་ནས་2021ལོ་ལས་0.24%ཉུང་དུ་ཕྱིན་པ་བཅས་རེད།
སྔ་སྨིན་འབྲས་ཐོན་སྐྱེད་ཐད“གཉིས་ཆག་གཅིག་འཕར”བྱུང་ཞིང་། ལོ་ཧྲིལ་པོར་ཡུན་ནན་ཞིང་ཆེན་གྱི་སྔ་སྨིན་འབྲས་ཀྱི་འདེབས་ཁྱོན་མུའུ་ཁྲི་40.14ཟིན་པ་དེ་2021ལོ་ལས་མུའུ་ཁྲི་2.18ཉུང་དུ་ཕྱིན་ནས་5.14%ཆག་པ་དང་། སྔ་སྨིན་འབྲས་ཀྱི་ཐོན་འབོར་ཏུན་ཁྲི་16.54ཟིན་པ་དེ་2021ལོ་ལས་ཏུན་ཁྲི་0.73ཉུང་དུ་ཕྱིན་ནས་4.23%ཆག་པ། སྔ་སྨིན་འབྲས་ཀྱི་ཕྱོགས་བསྡུས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་411.9ཟིན་པ་དེ་དུས་མཚུངས་ལས་0.96%འཕར་བ་བཅས་རེད།
སྟོན་འབྲུ་ཐོན་སྐྱེད་ཐད“གསུམ་དུས་མཚུངས་སུ་འཕར”ཞིང་། འདི་ལོ་ཞིང་ཆེན་ཡོངས་ཀྱི་སྟོན་འབྲུ་འདེབས་ཁྱོན་མུའུ་ཁྲི་4805.89ཟིན་པ་དེ་2021ལོ་ལས་མུའུ་ཁྲི་17.71མང་དུ་ཕྱིན་ནས་0.37%འཕར་བ་དང་། སྟོན་འབྲུའི་ཐོན་འབོར་ཏུན་ཁྲི་1677.75ཟིན་པ་དེ་2021ལོ་ལས་ཏུན་ཁྲི་26.53མང་དུ་ཕྱིན་ནས་1.61%འཕར་བ། སྟོན་འབྲུའི་ཕྱོགས་བསྡུས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་349.1ཟིན་པ་དེ་དུས་མཚུངས་ལས་1.23%འཕར་བ་བཅས་རེད།