ལྷ་ལྡན་གཙུག་ལག་ཁང་སོགས་དགོན་སྡེ་ཁག་སླར་ཡང་སྒོ་ཕྱེས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན སྤེལ་དུས། 12-30


 སྤྱི་ཚེས་27ཉིན། ལྷ་ལྡན་གཙུག་ལག་ཁང་སླར་ཡང་སྒོ་ཕྱེས་ཡོད་པ་དང་། དད་ལྡན་མང་ཚོགས་ཀྱིས་གོ་རིམ་ལྡན་པའི་ངང་ཆོས་མཇལ་ཞུ་བཞིན་ཡོད།

 ཞོགས་པར། གཙུག་ལག་ཁང་གི་ཕྱི་བསྐོར་ལམ་ན་མི་ཚོགས་འཚང་ཁ་ཤིག་ཤིག་ཡོད་པ་དང་། ཆོས་མཇལ་དུ་འགྲོ་མཁན་དད་ལྡན་མང་ཚོགས་ཀྱིས་གྲལ་སྟར་སྒྲིག་བཞིན་མདུན་དུ་བསྐྱོད་པས། ཡུལ་དངོས་སུ་སྒྲིག་ལམ་ཡག་པོ་ཡོད། གཙུག་ལག་ཁང་དུ་མ་འཛུལ་གོང་། ལས་དོན་མི་སྣས་དད་ལྡན་མང་ཚོགས་ལ་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་ཁ་རས་ཡག་པོ་རྒྱག་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད། ཆོས་མཇལ་ལམ་གྱི་འཛུལ་སྒོར་མཆོད་མར་འཚོང་མཁན་ཚོ་ཡང་ལས་འགོ་བསྐྱར་དུ་ཚུགས་ཡོད་པས། དེ་སྔའི་རྣམ་པ་སླར་གསོ་བྱུང་ཡོད། དད་ལྡན་མང་ཚོགས་ཚོར་དངུལ་སིལ་མའི་མཆོད་ཡོན་འབུལ་བའི་གོམས་གཤིས་ཡོད་པས། གཙུག་ལག་ཁང་གི་ཕྱི་རོལ་དུ་དངུལ་སིལ་མ་བརྗེ་མཁན་དང་ཁ་བཏགས་འཚོང་མཁན་ཡང་ཡོད།

 སྒོ་ཆེན་ནང་དུ་འཛུལ་རྗེས། དད་ལྡན་མང་ཚོགས་ཁག་གཅིག་གིས་གྲལ་བསྒྲིགས་ནས་གསེར་ཕྱེ་འཐག་རྒྱུར་སྒུག་ཡོད་པ་དང་། ཁོང་ཚོས་གསེར་ཆུ་བྱུག་ནས་སྨོན་ལམ་འདེབས་ཀྱི་ཡོད། གཙུག་ལག་ཁང་གི་འདུ་ཁང་དུ་དགེ་འདུན་པ་ཚོས་སྟོན་པ་དགུང་ལོ་12པའི་ཆ་ཚད་ཅན་གྱི་སྐུ་ལ་གསེར་ཆུ་བྱུག་བཞིན་ཡོད་པ་དང་། དད་ལྡན་མང་ཚོགས་རྣམས་ལ་མཇལ་ཁ་ཞུ་བའི་བསྐལ་བ་ཐོབ་ཡོད། གཙུག་ལག་ཁང་གི་ཐོག་སོ་གཉིས་པའི་ཆོས་རྫས་ཉོ་འཚོང་ཁུལ་དུ་ལས་དོན་མི་སྣས་ཐལ་རྡུལ་གཙང་ཕྱགས་དང་ཟོག་སྒྲོམ་ལེགས་སྒྲིག་བྱས་ནས་དེ་སྔའི་རྣམ་པ་སླར་གསོ་བྱས་ཡོད།

 གཙུག་ལག་ཁང་གི་ཐང་ཆེན་དུ་དགེ་འདུན་པ་ཞིག་ངལ་གསོ་རྒྱག་བཞིན་ཡོད། ཁོང་གིས་གསར་འགོད་པར། ཉིན་གཉིས་གོང་ཆབ་མདོ་ནས་ཡོང་བ་ཡིན། དེ་རིང་གཙུག་ལག་ཁང་དུ་བསྐོར་བ་རྒྱག་པར་ཡོང་སྐབས་གཙུག་ལག་ཁང་གི་གཟིམས་སྒོ་ཕྱེས་ཡོད་པ་ཤེས་བྱུང་། ད་ལྟ་ཆོས་མཇལ་ཞུ་བའི་དུས་ཚོད་ཡོལ་ཟིན་འདུག་པས། སང་ཉིན་ཞོགས་པ་སྔ་པོ་ནས་ཡོང་གི་ཡིན་ཞེས་བཤད།

 གཞན་ཡང་། ལྷ་ལྡན་གཙུག་ལག་ཁང་གི་སྤ་སེ་སྔོན་མངགས་ཀྱི་དྲ་ཐོག་བྱ་རིམ་ཆུང་ངུའི་ཐོག་མངོན་པར། ཡུལ་སྐོར་བས་སྤ་སེ་སྔོན་མངགས་བྱས་ཏེ་དུས་མཚམས་དབྱེ་ནས་ལྟ་སྐོར་བྱེད་ཆོག་པ་དང་། ཉིན་གཅིག་གི་གོང་ནས་སྤ་སེ་མངགས་དགོས་ཀྱི་ཡོད།

 གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་སའི་དགོན་སྡེ་ཆེན་པོ་གསུམ་སྟེ། འབྲས་སྤུངས་དགོན་དང་། སེ་ར་དགོན། དགའ་ལྡན་དགོན་བཅས་དང་དེ་བཞིན་བོད་ཀྱི་དགོན་སྡེ་དང་པོ་བསམ་ཡས་གཙུག་ལག་ཁང་བཅས་ཚང་མ་སྒོ་ཕྱེས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1