ཏོག་གསར་འགོས་ནས་སྲིབ་གཤིས་སུ་གྱུར་ན་རྦད་དེ་དྲག་སྐྱེད་བྱུང་བ་རེད་དམ། འགུལ་སྐྱོད་དྲག་པོ་བྱས་ཆོག་གམ། རྒྱས་ཟ་རྒྱས་འཐུང་བྱས་ཏེ་ལུས་ཕུང་གསོ་ཆོག་གམ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཏོག་གསར་དྲག་སྐྱེད་དང་ལུགས་མཐུན་ངང་སྨན་ཟ་བ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་པ་རེད།
རིགས་གཅིག་མཁས་པས། ཏོག་གསར་འགོས་ནས་སྲིབ་གཤིས་སུ་གྱུར་བ་དེས་ང་ཚོ་དང་ནད་དུག་བར་གྱི་འཐབ་འཛིང་མཇུག་རྫོགས་པ་མཚོན་གྱི་མེད། སྲིབ་གཤིས་སུ་གྱུར་མ་ཐག་ལུས་པོ་ལྟོས་བཅས་ཀྱིས་ཉམས་ཞན་གྱི་དུས་སུ་གནས་ཡོད་པས་བཟའ་བཏུང་དང་འགྲོ་འདུག་ཐད་ཡིད་གཟབ་བྱེད་དགོས་ཞེས་གསུངས།
འཚོ་བཅུད་འདང་ངེས་ཡོང་བ་བྱེད་པ་དང་། ལས་ཀའི་མྱུར་ཚད་ཅུང་ཇེ་དལ་དུ་གཏོང་དགོས།
པེ་ཅིང་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཡོན་ཀྲང་ལིའུ་ཆིང་ཆོན་གྱིས། དྲག་སྐྱེད་བྱུང་བའི་དུས་སྐབས་སུ་སྔོན་ལ་སེམས་ཁམས་ཡག་པོ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཚན་རིག་དང་མཐུན་པའི་བཟའ་བཏུང་སྤྱོད་དགོས། སྐབས་འདིར་སྣུམ་ཚིལ་དང་བྲོ་བ་ཞིམ་པའི་ཟ་མ་མང་པོ་ཟ་མི་རུང་ཞིང་། གལ་ཏེ་བཟས་ན་གཞི་རྩའི་བདེ་ཐང་ལ་གནོད་པ་མ་ཟད། ད་དུང་གནད་དོན་ཡང་འབྱུང་སྲིད། ཟ་མའི་རིགས་ལ་འཇུ་བདེ་བའི་རིགས་བཟའ་དགོས། འོན་ཀྱང་ཁུ་བ་ཉུང་ཞིང་ཆུ་ཉུང་བ་དང་འཚོ་བཅུད་མེད་པ་བྱེད་མི་རུང་། སྤྲི་དཀར་རྫས་འདང་ངེས་ཡོད་དགོས་པ་དང་། སྔོ་ཚལ་དང་སིལ་ཏོག་མང་ཙམ་བཟས་ནས་ལུས་ཤུགས་སླར་གསོ་བྱེད་པར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
འཚོ་བའི་གོམ་འགྲོས་དང་ལས་ཀའི་གོམ་འགྲོས་དལ་ཙམ་བྱེད་དགོས་པ་དང་། མཚན་གང་ལས་ཀ་བྱས་ན་གཏན་ནས་མི་འགྲིག
ཏོག་གསར་དྲག་སྐྱེད་བྱུང་རྗེས་ཛ་དྲག་ཆེ་བའི་ལུས་སྦྱོང་བྱེད་མི་རུང་།
ལིའུ་ཆིན་ཆོན་གྱིས། ཚད་དང་རན་པའི་སྒོ་ནས་སྦྱོང་བརྡར་བྱེད་དགོས་པ་ལས། འགུལ་སྐྱོད་དྲག་པོ་བྱེད་མི་རུང་། འགུལ་སྐྱོད་ཚད་རན་པོ་བྱས་ན་ལུས་པོ་གསོ་བར་ཕན་པ་དང་། ཚད་ལས་བརྒལ་བའི་འགུལ་སྐྱོད་ཀྱིས་ལུས་པོ་གསོ་མི་ཐུབ་པ་མ་ཟད། ད་དུང་གནད་དོན་གཞན་པ་ཡང་འབྱུང་སྲིད་ཅེས་བརྗོད་ཡོད།
ཏོག་གསར་འགོས་ནད་བྱུང་བའི་ནད་པས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་རྒྱུན་གཏན་གྱི་ལུས་རྩལ་སྦྱོང་བརྡར་བྱེད་པའི་གོམས་གཤིས་ལྟར། ལུས་རྩལ་སྦྱོང་བརྡར་བྱས་ཏེ་ལུས་ཕུང་སྙོམས་སྒྲིག་བྱེད་དགོས། ལུས་རྩལ་སྦྱོང་བརྡར་བྱེད་ཚད་ཡག་ཤོས་བྱུང་ན་དུས་རྒྱུན་གྱི་གསུམ་ཆ་གཅིག་ལས་བརྒལ་མི་རུང་། རིམ་བཞིན་ལུས་རྩལ་སྦྱོང་བརྡར་མང་དུ་གཏོང་བ་དགོས་པ་དང་ཐང་ཆད་པའི་ཚོར་བ་བྱུང་སྐབས། སྦྱོང་བརྡར་བྱེད་ཚད་མང་དུ་གཏོང་མི་རུང་།
སྨན་བསྟེན་རྗེས་ཞོར་སྐྱོན་ནད་གཞན་པ་བྱུང་ཚེ། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་ཇི་ལྟར་བསྟེན་དགོས་སམ།
ནད་པ་ཁ་ཤས་སྨན་བསྟེན་རྗེས་མ་ལག་གཞན་པ་སྟེ། དཔེར་ན་འཇུ་བྱེད་མ་ལག་གི་ཞོར་སྐྱོན་འབྱུང་གི་ཡོད། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་འགོས་ནད་ཚན་ཁག་གི་ཀྲུའུ་རེན་ཀའོ་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཏེ་མ་གཞི་ནས་ཕོ་བའི་གཅོང་ནད་དེ་དཔེར་ན། ཕོ་བ་སྨུག་པོའི་ནད་དང་རྒྱུ་སོར་བཅུ་གཉིས་ཀྱི་སྨུག་རུལ་ནད། ཡང་ན་ཕོ་རྒྱུའི་ལམ་གྱི་རྨང་གཞིའི་ནད་ཡོད་ན། གཉན་གཅོག་ཟུག་འཇོམས་ཀྱི་ཟུག་འཇོམས་སྨན་སྤྱོད་སྐབས། གང་ཐུབ་ཅི་ཐུབ་ཀྱིས་ཁོག་སྟོང་དུ་མི་བསྟེན་པར། ཕོ་བའི་རྒྱུ་ལམ་མི་བདེ་བ་ཡང་དུ་གཏོང་དགོས་པ་དང་ཆབས་ཅིག་ཕོ་བའི་འབྱར་སྐྱི་སྲུང་སྐྱོབ་ཀྱི་སྨན་འགའ་མཉམ་དུ་བསྟེན་དགོས།
གཞན་ཡང་ནད་ཐོག་སྨན་མང་པོ་ཞིག་ཕན་ཚུན་བྱེད་ནུས་ཐོན་གྱི་ཡོད་པས། གཞི་ནད་ཡོད་མཁན་མི་ཚོགས་ཀྱིས་སྨན་བསྟེན་སྐབས་སྨན་པར་བློ་འདྲི་དགོས།
སྲིབ་གཤིས་སུ་གྱུར་རྗེས་ཐང་ཆད་པའི་ཚོར་སྣང་འབྱུང་ངམ། གཟུགས་གཞི་སླར་གསོ་འབྱུང་བར་དུས་ཚོད་ངེས་ཅན་ཞིག་ཡོད་དགོས།
མི་མང་པོ་ཞིག་ལ་ཏོག་གསར་འགོས་ནས་སྲིབ་གཤིས་སུ་གྱུར་རྗེས་རྟག་པར་ཐང་ཆད་པའི་སྣང་བ་ཞིག་ཡོང་གི་ཡོད། དེའི་ཐད་ལ་ཀའོ་ཡན་གྱིས། ནད་པའི་ཚ་བ་འཇགས་ནའང་ལུས་ཤུགས་དང་ནུས་པ་ཡོངས་སུ་སླར་གསོ་ཡོང་བར་ཕལ་ཆེར་གཟའ་འཁོར་2ནས་3ཙམ་དགོས་པས། བྲེལ་བ་ཆེན་པོ་བྱེད་མི་དགོས། དུས་སྐབས་འདིར་ངལ་གསོ་འོས་འཚམ་དང་། འཚོ་བཅུད་ཡག་པོ་ཡོང་བ་བྱས་ཏེ་གཟུགས་པོ་སླར་གསོ་ཡོང་བ་བྱ་དགོས་ཞེས་ངོ་སྤྲོད་གནང་ཡོད།