༄༅།། གདགས་གཤིས་སུ་གྱུར་རྗེས་ལུས་པོའི་ཤ་སྐམ་དོན་ཅི་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-30


        དབྱང་ཙི་དགོང་དྲོའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་པེ་ཅིང་གི་བུད་མེད་ཅིག་གིས་སྨན་པར་ཁོ་མོར་ནད་དུག་འགོས་རྗེས་ཉིན་6ནང་ལུས་པོའི་ལྗིད་ཚད་རྒྱ་མ་7ནས་8བར་ཆག་པ་དང་། ཁོ་མོར་འགོས་པའི་ནད་དུག་ནི་“ཚོ་བྱང་བའི་དུག་སྲིན་”ཡིན་པའི་གནས་ཚུལ་བཤད་ཡོད་པ་རེད།

        གསར་འགོད་པས་དོ་སྣང་བྱུང་བར། མི་མི་ཉུང་བ་ཞིག་ལ་ཏོག་གསར་ནད་དུག་འགོས་ཏེ་ནད་རྟགས་ཐོན་རྗེས་རང་ཉིད་ཀྱི་ལུས་པོའི་ལྗིད་ཚད་མགྱོགས་མྱུར་ཇེ་ཡང་དུ་གྱུར་ཡོད་པ་བརྗོད་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ།

        ཏོག་གསར་ནད་དུག་གི་དུག་སྲིན་ཁྲོད“ཚོ་བྱང་བའི་དུག་སྲིན”མེད་པ་མངོན་གསལ་ཡིན་ནའང་། ཏོག་གསར་ནད་དུག་འགོས་རྗེས་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་འགྱུར་རྐྱེན་ཐད་ལ་ནན་ཅིང་གྲོང་ཁྱེར་སྨན་ཁང་གཉིས་པའི་ནད་འགོས་ཚན་ཁག་གཉིས་པའི་ཀྲུའུ་རེན་ཁྲི་ཡུན་གྱིས་གསར་འགོད་པར། མི་ནི་སྤྱི་ཁོག་ཅིག་ཡིན་པའི་ཆ་ནས། གཟུགས་པོའི་ལྗིད་ཚད་མར་ཆག་པའི་རྒྱུ་རྐྱེན་དེ་“ཟད་གྲོན”བྱས་པ“ནང་འདྲེན”ལས་ཆེ་བར་བརྗོད་ཆོག

        ཕྱོགས་གཅིག་ནས་ཏོག་གསར་ནད་དུག་འགོས་རྗེས་ཚ་བ་རྒྱག་པའི་གནས་ཚུལ་ཐོན་པ་དང་། ལྷག་པར་དུ་ཚ་བ་ཆེན་པོ་རྒྱག་པས། རྨང་གཞིའི་ཚབ་བརྗེ་འཕར་སྣོན་འགྲོ་བ་དང་། ནུས་རྒྱུའི་དངོས་པོ་ཙམ་མ་ཟད་དེ་བས་མང་བ་ནི་བརླན་ཚད་ཤོར་བ་ཡིན། ལུས་དྲོད་རྒྱས་པས་རླངས་འགྱུར་དང་དབུགས་འབྱིན་རྔུབ་ཁྲོད་ཤོར་བའི་བརླན་ཚད་མངོན་གསལ་གྱིས་ཇེ་མང་དུ་འཕར་བ་མཚོན་ཡོད། ཕྱོགས་གཞན་ཞིག་ནས། རོ་ཚོར་དང་སྣོམ་ཚོར་ཇེ་ཞན་དུ་འགྱུར་བ་དང་ཐ་ན་ཡོངས་སུ་ཉམས་ཏེ་དང་ག་ཇེ་ཞན་དུ་གྱུར་ཞིང་ཟས་འཇུ་དང་འབྱིན་རྔུབ་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པ་དང་། ནང་འདྲེན་མངོན་གསལ་གྱིས་ཉུང་དུ་འགྲོ་ཞིང་། མི་ལུས་ལྡོག་ཕྱོགས་དོ་སྙོམས་བྱུང་སྟེ་ལུས་པོའི་ལྗིད་ཚད་ཆུང་དུ་འགྲོ་བའི་སྣང་ཚུལ་ཐོན་པ་ཡིན།

        ནད་དུག་འགོས་རྗེས་ཀྱི་ཉིན་6ནང་ལུས་པོའི་ལྗིད་ཚད་རྒྱ་མ་7ནས་8བར་ཆག་པའི་གནས་ཚུལ་གྱིས་དྲ་གྲོགས་མི་ཉུང་བ་ཞིག་ལ“ཡིད་སྨོན”འཆོར་དུ་བཅུག་ཡོད། དྲ་གྲོགས་ལ་ལས་དེ་ཡང་“རྐྱེན་ངན་གྲོགས་ཤར་”གྱི་དོན་ཞིག་རེད་ཅེས་བཤད་ཡོད། ཡིན་ནའང་ཆེད་མཁས་པས་དེ་ནི་དགའ་འོས་པའི་དོན་དག་ཅིག་མིན་ཚུལ་བརྗོད་འདུག

        གནས་སྐབས་རང་བཞིན་གྱི་ལུས་པོའི་ལྗིད་ཚད་མར་ཆག་པ་ནི་མི་ལུས་ཉམས་ཆག་གི་རྣམ་པར་གནས་པ་དང་། སླར་གསོའི་དུས་སྐབས་སུ་སླེབས་རྗེས་མི་ལུས་ཀྱི་ལྷན་སྐྱེས་ནུས་པས་ནང་འདྲེན་ཇེ་མང་དུ་བཏང་ནས་རང་ཉིད་སླར་གསོ་བྱེད་པ་ཡིན། ལྷག་པར་དུ་བརླན་ཚད་ཁ་སྣོན་བྱེད་པ་དང་ལུས་པོའི་ལྗིད་ཚད་ཀྱང་སླར་གསོ་འབྱུང་སླ་བ་ཡིན། དེར་བརྟེན་དེའི་རིང་ཆེད་དུ་ནང་འདྲེན་ཇེ་ཉུང་དུ་བཏང་ནས་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་ན་བདེ་ཐང་སླར་གསོ་བྱེད་པར་ཕན་པ་མེད་ཅེས་བསྟན་འདུག

        དེ་མིན་ཀྲུའུ་རེན་ཁྲི་ཡུན་གྱིས། བརླན་ཚད་ཆེན་པོ་ཤོར་བས་ལུས་པོའི་ལྗིད་ཚད་མར་ཆག་པ་དང་དུས་མཚུངས་སུ་ལུས་པོའི་ནང་གི་ཁོར་ཡུག་འཁྲུགས་རྙོག་བྱུང་སྟེ་དོན་སྣོད་ཀྱི་བྱེད་ནུས་ལ་ཤུགས་རྐྱེན་བཟོ་ཞིང་། ནད་གཞི་ཇེ་སྡུག་ཏུ་འགྲོ་བ་ཡིན། དེར་བརྟེན། ནད་ཕོག་པའི་གོ་རིམ་ཁྲོད་བརླན་ཚད་ཁ་སྣོན་བྱ་རྒྱུ་ཤིན་ཏུ་གལ་ཆེ། དུས་མཚུངས་སུ་ཚ་བ་རྒྱག་པ་ནི་སྣང་ཚུལ“ངན་པ”ཞིག་མ་ཡིན་པར། དེ་ནི་མི་ལུས་ཀྱི་འགོག་ཟོན་འགྱུར་འབྱུང་ཞིག་ཡིན་ཞིང་། ནད་གཞི་གཙང་སེལ་བྱེད་པར་ཕན་པ་ཡོད། དེར་བརྟེན་དངངས་སྐྲག་སྐྱེས་དགོས་དོན་མེད་ཅེས་དྲན་སྐུལ་གནང་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1