ཟླ་12ཚེས་29ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་དུ་གནས་པའི་ཉག་ཆུའི་ཆུ་མདོ་གཉིས་མཉམ་བསྲེས་རྣམ་པའི་ཆུ་འཐེན་ནུས་གསོག་རྣམ་གྲངས་དངོས་སུ་བསྐྲུན་འགོ་ཚུགས་པ་རེད། སི་ཁྲོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་མགྱོགས་པོར་སྐུལ་འདེད་གཏོང་བའི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། ཆུ་མདོ་གཉིས་མཉམ་བསྲེས་ཆུ་གསོག་རྣམ་གྲངས་ནི་སི་ཁྲོན་ཞིང་ཆེན་གྱི་ཆུ་འཐེན་ནུས་གསོག་རྣམ་གྲངས་དང་པོ་དེ་ཡིན་པ་དང་། དེ་བསྐྲུན་རྗེས་གོ་ལ་ཧྲིལ་པོའི་མཉམ་བསྲེས་རྣམ་པའི་ཆུ་འཐེན་ནུས་གསོག་རྣམ་གྲངས་ཆེ་ཤོས་སུ་འགྱུར་རྒྱུ་རེད།
ཆུ་སྣ་གཉིས་མཉམ་བསྲེས་རྣམ་པའི་ཆུ་འཐེན་ནུས་གསོག་རྣམ་གྲངས་ཀྱིས་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་ཆུ་མཛོད་ཆེ་ཤོས་ཏེ་ཆུ་མདོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་ནི་གོང་མཛོད་ཡིན་པ་དང་། སྨད་རྒྱུད་སྦྲེལ་མཐུད་སྐས་རིམ་གློག་ཁང་གི་སོ་རྩ་རིམ་པ་དང་པོའི་ཆུ་ཤུགས་གློག་ཁང་གི་ཆུ་མཛོད་འོག་མཛོད་བྱས་ནས། ལྡོག་རུང་རྣམ་པའི་འཕྲུལ་ཚན་རྒྱས་སྐྲུན་བྱས་ཏེ་ཆུ་མདོ་གཉིས་མཉམ་བསྲེས་རྣམ་པའི་ཆུ་འཐེན་ནུས་གསོག་གློག་ཁང་ཞིག་ཆགས་པར་བྱེད་དགོས། དེའི་གནས་ཡུལ་ས་བབ་མཐོ་ཚད་སྨི་3000ཟིན་ཡོད་པ་དང་། སྟོང་ཝ་ཁྲི་30ཟིན་པའི་འཕྲུལ་ཚན་4སྒྲིག་སྦྱོར་བྱ་རྩིས་ཡོད་པའི་ཁར། བསྐྲུན་ཟིན་པའི་ཆུ་མདོ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་300དེ་རྒྱུན་གཏན་གྱི་འཕྲུལ་ཚན་དུ་བརྩིས་ནས། སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་སྤྱིའི་གློག་གཏོང་ཚད་སྟོིང་ཝ་ཁྲི་400ཟིན་ཏེ། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གི་རྣམ་གྲངས་ཆེ་གྲས་ཤིག་ཏུ་འགྱུར་རྒྱུ་རེད།