ཐང་གའི་དཔེ་ཆ་བོད་རྒྱ་ཤན་སྦྱར་མ་འདི་པར་སྐྲུན་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09


        ཉེ་ཆར། གསར་འགོད་པས་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་ནས་ཤེས་རྟོགས་བྱུང་བར། མི་རིགས་ཡི་གེ་དཔེ་སྐྲུན་གྱི་ཆེད་དོན་མ་དངུལ་རོགས་སྐྱོར་རྣམ་གྲངས《ཐང་གའི་སྒྱུ་རྩལ། རྒྱུན་འཛིན་དང་གསར་གཏོད》ཅེས་པའི་བོད་རྒྱ་ཤན་སྦྱར་པར་གཞི་དེ་ལོ་3ལ་རྩོམ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

        《ཐང་གའི་སྒྱུ་རྩལ། རྒྱུན་འཛིན་དང་གསར་གཏོད》ཅེས་པའི་བོད་རྒྱ་ཤན་སྦྱར་པར་གཞི་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ཧ་ཅང་རྩ་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། ཐང་ག་ཞིབ་འཇུག་བྱ་ཡུལ་དུ་བྱས་ནས་ལག་ལེན་ནས་རིགས་པའི་གཞུང་ལུགས་བར་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་ཕྱོགས་བསྡུས་བྱས་པ་ཞིག་རེད། དེབ་དེའི་ནང་སྤྱི་ཁོག་གི་ལྟ་ཕྱོགས་ཐོག་ནས་ཐང་གའི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ།  གྲུབ་མཐའ་རིམ་འགྱུར། ནང་དོན་རྒྱུན་འཛིན། དེ་བཞིན་འབྲི་རྩལ་བཅས་རྒྱས་བཤད་ཞིབ་ཕྲ་བྱས་ཡོད་པ་མ་ཟད། ད་དུང་རྒྱུན་འཛིན་དང་གསར་གཏོད་ཀྱི་ལྟ་ཕྱོགས་ནས་འགོ་བརྩམས་ཏེ་ཐང་གའི་སྒྱུ་རྩལ་དེ་དེང་རབས་ཀྱི་རིག་གནས་སྲུང་སྐྱོང་དང་། གསར་རྩོམ་གསར་གཏོད། མཐའ་འཁོར་གྱི་ཤུགས་རྐྱེན་བཅས་ལ་དོན་ཟབ་གོ་སླ་བའི་ལེགས་སྒྲིག་བྱས་པ་མ་ཟད། དུས་སྐབས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བ། ཉམས་འགྱུར་མི་འདྲ་བ་བཅས་ཀྱི་པར་རིས་རྩ་ཆེན་དང་བརྩམས་ཆོས་གྲགས་ཅན་མང་པོ་ཕྱོགས་སྒྲིག་བྱས་ཏེ། ཕྱོགས་ཡོངས་ནས་ཐང་གའི་སྒྱུ་རྩལ་གྱི་རྒྱ་ཆེ་ཞིང་ངོ་མཚར་ཆེ་བ་དེ་མངོན་ཡོད།

        《ཐང་གའི་སྒྱུ་རྩལ། རྒྱུན་འཛིན་དང་གསར་གཏོད》ཅེས་པའི་བོད་རྒྱ་ཤན་སྦྱར་པར་གཞི་དེ་ཐང་གའི་ཞིབ་འཇུག་མཁས་པ་དང་། རིམ་པ་དང་པོའི་མཛེས་རྩལ་དགེ་རྒན་སྐུ་ཞབས་ལིའུ་ཀྲུང་ཅུན་གྱིས་བྲིས་པ་དང་འབྲེལ་བོད་ཡིག་ཡིག་སྒྱུར་མཁས་པ་སྐུ་ཞབས་པད་མ་ཚེ་རིང་གིས་ཡིག་སྒྱུར་བྱས་པ་རེད། དེབ་དེ་ནི་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་མི་རིགས་ཡི་གེའི་རྣམ་གྲངས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་དཔེ་དེབ་རྩེ་གྲ་ཞིག་ཡིན་པ་དང་། རིགས་གཅིག་པའི་དཔེ་དེབ་ནང་སྲོལ་རྒྱུན་དང་གསར་གཏོད་ཡོད་ལ། བོད་རྒྱ་ཤན་སྦྱར་པར་གཞིའི་སྟོང་ཆ་ཡང་བསྐོངས་ཡོད་པས་ཀློག་པ་པོར་ཤེས་བྱ་དང་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

        སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གིས་2017ལོརའ《ཐང་གའི་སྒྱུ་རྩལ། རྒྱུན་འཛིན་དང་གསར་གཏོད》ཅེས་པའི་རྒྱ་ཡིག་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། རྒྱ་ཡིག་པར་གཞིར“སྐབས་ཉེར་བདུན་པའི་གསེར་གླང་བུམ་པའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་མཛེས་རྩལ་དཔེ་དེབ་དཔྱད་བསྡུར”གྱི་ཟངས་ཀྱི་རྟགས་མ་ཐོབ་པ་རེད། ད་རེས་པར་སྐྲུན་བྱས་པའི་བོད་རྒྱ་ཤན་སྦྱར་གྱི་པར་གཞི་ནི་རྒྱ་ཡིག་པར་གཞིའི“ཐང་གའི་འབྱུང་ཁུངས”དང་“ཐང་གར་མཇལ་བ”“ཉམས་འགྱུར་འཚོལ་ཞིབ”“ཡན་ལག་གསར་གཏོད”བཅས་ཀྱི་ལེའུ་བཞིའི་རྨང་གཞིའི་ཐོག་དེབ་ཧྲིལ་པོར་བསྐྱར་དུ་ནང་དོན་ཁ་སྣོན་དང་ལེགས་སུ་བཏང་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཆེན་པོ་དང་བསྟུན་ནས། ལོ་ངོ་སྟོང་ཕྲག་བརྒྱུད་པའི་ཐང་གའི་རི་མོའི་སྒྱུ་རྩལ་དེ་སྔ་མོ་ནས་མང་ཚོགས་ཀྱི་ཕྱོགས་སུ་བསྐྱོད་ཡོད་ལ་འཛམ་གླིང་གི་ཕྱོགས་སུའང་བསྐྱོད་ཡོད། འོན་ཀྱང་ཐང་གའི་སྒྱུ་རྩལ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་བརྩམས་ཆོས་ཧ་ཅང་ཉུང་བས་མང་ཚོགས་ཀློག་པ་པོས་ཐང་གའི་རིག་གནས་དང་། མཛེས་དཔྱོད་ཤེས་རྟོགས་གཏིང་ཟབ་བྱེད་དཀའ་བས་རི་མོར་བལྟས་ནས་དབུགས་རིང་འབྱིན་རྒྱུ་ལས་མ་འདས། དེར་བརྟེན། ཐང་གའི་སྒྱུ་རྩལ་གྱི་འབྲེལ་ཡོད་བརྩམས་ཆོས་རྩོམ་སྒྲིག་དང་དཔེ་སྐྲུན་བྱ་རྒྱུ་དེ་ཕུལ་བྱུང་གི་སྲོལ་རྒྱུན་མི་རིགས་རིག་གནས་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1