༄༅། །ཚ་བ་རྒྱས་དང་མ་རྒྱས་གཉིས་ལས་རིམས་འགོག་ནུས་པ་ཆེ་བ་དེ་སུ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 01-09


ཚ་བ་རྒྱས་དང་མ་རྒྱས་གཉིས་ལས་རིམས་འགོག་ནུས་པ་ཆེ་བ་དེ་སུ་ཡིན།

རྩོམ་པ་པོ། ཧྥན་ཀྲང་ཧོ། ཞ་མོན་སློབ་ཆེན་ཁོངས་གཏོགས་ཀྲུང་ཧྲན་སྨན་ཁང་སྐྲང་ནད་ཚན་ཁག་གི་སྨན་རམས་པ་གཞོན་པ།

        ང་ཚོར་ཅིའི་ཕྱིར་ཚ་བ་རྒྱས་པ་རེད་ཅེ་ན། ཚ་བ་རྒྱས་པ་ལས་ང་ཚོའི་ལུས་ཕུང་གི་རིམས་འགོག་མ་ལག་འཁོར་སྐྱོད་བྱས་པ་མཚོན་ལ། ཚ་བ་རྒྱས་པ་ནི་ལུས་ཕུང་གིས་ནད་དུག་དང་འཐབ་འཁྲུག་བྱས་པ་ཞིག་ཡིན།ཚ་བ་རྒྱས་པ་ནི་མ་གཞི་ནད་ངོ་མ་མིན་པར། མིའི་ལུས་ཕུང་དང་ཕྱི་དགྲ་འཐབ་འཛིང་གི་ཕྱིའི་མངོན་ཚུལ་ཙམ་ཡིན་པས།ནད་དུག་འགོས་རྗེས་ཚ་བ་རྒྱས་པ་ནི་རྒྱུན་ལྡན་ཞིག་ཡིན་སྟེ། དེ་ནི་མིའི་ལུས་ཕུང་གི་འགག་སྲུང་མ་ལག་གི་ཚུར་སྣང་རང་རེད།

ཡུན་རིང་ཚ་བ་མ་རྒྱས་པའི་མིའི་རིམས་འགོག་རང་ནུས་དེ་བས་ཞན་པ་ཨེ་རེད་ཅེ་ན། ཕྱི་དགྲས་(ནད་དུག་དང་འབུ་ཕྲ་སོགས)ཚུར་རྒོལ་བྱེད་སྐབས། མིའི་ལུས་ཕུང་གི་རིམས་འགོག་མ་ལག་འཁོར་སྐྱོད་བྱེད་པ་དང་། དུས་རིམ་ངེས་ཅན་བརྒྱུད་མཐར་ཚ་བ་རྒྱས་སྲིད་པ་དང་། འདི་ནི་ལུས་ཕུང་གི་རྒྱུན་ལྡན་གྱི་མངོན་ཚུལ་ཞིག་རེད། ཡིན་ན་ཡང་ཚ་བ་རྒྱས་པ་ཇི་ལྟར་མཐོ་ན་དེ་ལྟར་བཟང་བ་མིན་པར། འཐབ་འཛིང་དེ་གཞི་ཁྱོན་དང་ཁྱབ་ཁོངས་ངེས་ཅན་ནང་ཚོད་འཛིན་བྱ་དགོས་པ་དང་། གལ་སྲིད་ཚོད་མ་ཐུབ་ཚེ་རིམས་འགོག་མ་ལག་ཡོངས་སུ་མྱོས་ཏེ་འགོག་ནུས་དེ་ནད་དུག་དང་མཉམ་ཤི་བྱ་ངེས་ཡིན།

        དེ་ན་ཚ་བ་མ་རྒྱས་ན་བཟང་བ་ཨེ་རེད་ཅེ་ན། དེ་ཡང་མིན་པར། ནད་དུག་དང་འབུ་ཕྲས་གནོད་པ་བཟོས་ནས་ནད་འགོས་རྗེས། མི་ལ་ལར་ཚ་བ་མི་རྒྱས་ལ། རྒྱུ་རྐྱེན་འདི་འདྲ་ཡིན་སྲིད་དེ།

        གཅིག རིམས་འགོག་མ་ལག་ཤིན་ཏུ་བཙན་པ། ཚ་བ་རྒྱས་པའི་རིམ་པའི་མཚོན་ཆ་འདི་མ་སྤྱད་གོང་ལ་ནད་དུག་དང་འབུ་ཕྲ་དག་མགོ་འབུས་མ་ཐག་ཏུ་གཙང་སེལ་བྱས་ཏེ་ཚ་རྒྱས་ནང་རྐྱེན་འཁོར་སྐྱོད་བྱ་མ་དགོས་པར་ལྷིང་འཇགས་ངང་ཕྱི་དགྲ་ཕམ་མཐར་སྤྲོད་ཀྱི་ཡོད།

        གཉིས། སྒེར་གྱི་སྲུང་སྐྱོབ་སྒྲུབ་པ་བཟང་བ། ཕྱིའི་ཁོར་ཡུག་ཁྲོད་ནད་དུག་དང་འབུ་ཕྲའི་འདུས་ཚད་ཉུང་བའམ་ཤུགས་མི་དྲག་པར། ལུས་ཕུང་དུ་འཛུལ་བའི་ཕྱི་དགྲའི་སྟོབས་ཞན་པས།ཚ་རྒྱས་མཚོན་ཆ་སྤྱད་ནས་འགོག་མ་དགོས་པ་ཞིག་རེད།

        གསུམ། དམིགས་བསལ་མི་ཚོགས་ཀྱི་རིམས་འགོག་ཚོར་སྣང་མི་སྐྱེན་པ། ལོ་རྒན་པ་དང་ཁྱད་པར་ལོ་ན་ཤིན་ཏུ་མཐོ་བ། ད་རུང་རིམས་འགོག་ནུས་པ་ཞན་པའི་མི་ཚོགས་དང་། རྨང་གཞིའི་ནད་གཞི་ཚབས་ཆེན་ཡོད་པའི་མི་ཚོགས་དག་གི་རིམས་འགོག་ཚོར་སྣང་མི་སྐྱེན་པས་ཕྱི་དགྲའི་འཇབ་རྒོལ་མདུན་དུ་ཚོར་སྣང་ཅི་ཡང་མེད་པའམ་ཚོར་སྣང་དལ་བས། ཚ་བ་མི་རྒྱས་པར་དུག་དགྲར་ཅི་བསམ་གང་འདོད་བྱེད་དུ་འཇུག་པ་དང་། རང་ལ་འཐབ་འཁྲུག་མ་བྱུང་བའི་ཚོར་སྣང་རྫུན་མ་སྟེར་གྱི་ཡོད།

        དེ་བས། མི་འདི་དག་ལ་ཕྱི་ངོས་ནས་ནད་རྟགས་གང་ཡང་མེད་པའམ(ཚ་བ་མི་རྒྱས་པ)ནད་རྟགས་ཡང་ཙམ་(ཚ་བ་ཅུང་ཙམ་རྒྱས་པ)ལས་མེད་མོད། འོན་ཀྱང་ཉེན་ཁ་ཆེ་སྲིད་ལ། ཕྱིའི་མངོན་ཚུལ་དང་དོན་དངོས་ནད་གཞི་གཉིས་འཚམ་པོ་མིན་པས་ཤིན་ཏུ་མཉམ་འཇོག་བྱེད་རྒྱུ་གལ་ཆེ།

        དེ་ལས། ཚ་བ་མི་རྒྱས་པའམ་ཚ་བ་ཅུང་ཟད་ལས་མི་རྒྱས་མཁན་ནི་རིམས་འགོག་མ་ལག་ཤིན་ཏུ་བཙན་པ་དང་། ཡང་ན་རིམས་འགོག་མ་ལག་ཤིན་ཏུ་ཞན་པའི་རིགས་ཡིན་པ་ཤེས་ཐུབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1