༄༅། །རྗེ་མི་ལའི་མགུར་མར་དམངས་གླུའི་ཁྱད་ཆོས་ལྡན་པའི་སྐོར་རགས་ཙམ་བརྗོད་པ།

རྡོ་རྗེ་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-10



ཟི་ལིང། རྡོ་རྗེ་དོན་གྲུབ།


        རྗེ་མི་ལའི་མགུར་མ་ནི་ཚིགས་བཅད་ཀྱི་རྩོམ་ལུས་ཐམས་ཅད་ལས་ཆེས་རང་དབང་ཆེ་ཞིང་གུ་ཡངས་པའི་རྩོམ་ལུས་ཤིག་རེད། དེས་བོད་ཀྱི་རྩོམ་རིག་ལོ་རྒྱུས་གར་སྟེགས་སྟེང་དུ་སྔ་ན་མེད་པའི་རྡོ་རིང་བཙུགས་པ་དང་། བརྗོད་དོན་སྔར་བས་ཁ་གསལ་ཞིང་གོ་བདེ་ལ། གཏིང་ཟབ་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཐུབ་པར་མ་ཟད།སྐད་བརྡའི་ཐད་རྒྱ་གར་གྱི་དོ་ཧ་རྣམས་དང་མི་འདྲ་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་དམངས་གླུའི་ཉམས་འགྱུར་གྱིས་ཕྱུག་ཡོད་ཅིང་། མགུར་མའི་ཚིག་རྐང་གི་མང་ཉུང་དང་ཚེག་བར་མང་ཉུང་། ཆ་ཡའི་སྡེབ་སྦྱོར་སོགས་ཀྱི་ཆ་ནས་རང་དབང་ཆེ་ཞིང་གུ་ཡངས་པར་སྣང་། དེ་དག་ཀྱང་དབུས་གཙང་ཕྱོགས་ཀྱི་དམངས་གཞས་དང་ཚིག་སྦྱོར་སྟངས་དང་དཔེ་དོན་སྦྱོར་ཚུལ་གཅིག་ཏུ་སྣང་ཞིང་། སྒྲིག་གཞི་དང་སྒྱུ་རྩལ་གང་གི་ཆ་ནས་ཀྱང་མི་རིགས་ཤིག་གི་ཁྱད་ཆོས་མ་དོར་བའི་རྩོམ་ཉམས་ཤིག་ལྷུར་ལེན་བྱས་འདུག་གོ།

        མི་ལ་རས་པ་སྐུ་འཚོ་བཞེས་ཀྱི་དུས་སྐབས་ནི། བོད་སིལ་བུར་ཐོར་ནས་ཡུལ་གྲུ་བཅད་བཟུང་གི་རྣམ་པས་ཕན་ཚུན་དགྲར་འཐབ་ཅིང་འབངས་རྣམས་སྡུག་གིས་མནར་བཞིན་པའི་དུས་སྐབས་ཡིན་ལ། གྲུབ་མཐའ་དང་ལྟ་བ་མང་དུ་བྱུང་བའི་དུས་སྐབས་ཤིག་ཀྱང་རེད། མི་ལ་རས་པར་ཆུང་དུས་ནས་སྐད་ངག་བདེ་མོ་ཞིག་ཡོད་ཅིང་སྒྲུབ་པ་སྙིང་བོར་མཛད་ནས་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་བ་དང་། རྒྱ་གར་གྱི་གྲུབ་ཆེན་རྣམས་དང་རང་གི་བླ་མ་མར་བའི་རྣམ་ཐར་བཞིན་རྡོ་རྗེ་གླུ་བསམ་གྱིས་མི་ཁྱབ་པ་བཞེངས། གཙང་སྨྱོན་ཧེ་རུ་ཀས་མངའ་རིས་དང་དབུས་གཙང་། དྭགས་པོ། ཀོང་པོ་སོགས་ནས་ཁོང་གི་མགུར་མ་མང་པོ་འཚོལ་སྡུད་བྱས་པ་དང་། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་སྡུད་སྒྲིག་བྱས་པ་དེས་ཁོང་གི་མགུར་མ་བོད་ཁམས་ཡོངས་ལ་དར་ཁྱབ་ཏུ་འགྲོ་བར་ནུས་པ་ཆེན་པོ་ཐོན་ཡོད། མགུར་འབུམ་ནི་མགུར་མ་རྐྱང་བ་མ་ཡིན་ཏེ་མགུར་མ་རེ་རེའི་བྱུང་བའང་ཞིབ་ཏུ་བཀོད་ཡོད་པས་ཚིགས་བཅད་དང་ཚིག་ལྷུག་གཉིས་ཀ་སྤེལ་མར་གྲུབ་ཡོད། མགུར་འབུམ་ཁྲོད་དུ་མི་ལ་རས་པས་བཞེངས་པའི་མགུར་མ་རྐྱང་རྐྱང་མ་ཡིན་པར་གཞན་ཡང་ཁོང་གི་བླ་མ་དང་བུ་སློབ། ཡོན་བདག་སོགས་ཀྱིས་བླངས་པའི་མགུར་ཡང་མང་དུ་མཆིས། མགུར་མ་རུ་རྗེ་བཙུན་མི་ལས་འཇིག་རྟེན་མི་རྟག་པ་དང་འཁོར་བ་ལ་སྙིང་བོ་མེད་པའི་ཚུལ་བརྗོད་ཡོད་ལ། དེ་ལྟ་བུའི་བསམ་བློའི་རྨང་གཞིར་བརྟེན་ནས། ཁོང་ལ་འཁོར་བ་རྦད་ཀྱིས་བློས་བཏང་ནས་སྙིང་བོ་སྒྲུབ་པའི་སེམས་ཤུགས་བརྟན་པོ་བྱུང་བ་རེད།

        རྗེ་བཙུན་མི་ལའི་མགུར་དུ་ཚིག་རྒྱན་དུ་མ་ཞིག་བཀོལ་སྤྱོད་བྱས་ཡོད་མོད། འོན་ཀྱང་བཀོལ་སྤྱོད་ཀྱི་ཚད་ཆེས་མང་ཞིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་ཚིག་རྒྱན་སྦྱོར་སྟངས་ཤིག་ཡོད་པ་ནི་མདོ་ཁམས་ཀྱི་གླུ་ལས་བྱུང་བའི་མཚོན་ཐབས་ཁྱད་པར་བ་སྟེ། དཔེ་ཚན་པ་གཉིས་སམ་དུ་མ་སྔོན་དུ་འགོད་ཅིང་། དེའི་རྗེས་སུ་བརྗོད་བྱའི་དོན་འགོད་པ་ཞིག་སྟེ། དཔེར་ན། “དབྱར་གསུམ་ལྷོ་སྤྲིན་སྟོབས་ཆེ་བས། །ཁྲི་གདུགས་ཉི་མ་ཤར་བ་ངས་མ་ཚོར། །དགུན་གསུམ་ངར་བ་སྟོབས་ཆེ་བས། །མེ་ཏོག་འཁྲུངས་བ་ངས་མ་ཚོར། །བག་ཆགས་ངན་པ་ཚན་ཆེ་བས། །ཁྱེད་གྲུབ་ཐོབ་ཡིན་པ་ངོ་མ་ཤེས། །”ཞེས་པ་ལྟ་བུ་དང་། མགུར་མ་ནི་སྙན་ངག་ལྟར་ཤོ་ལོ་ཀ་རེར་ཚིག་རྐང་དུ་ཚང་དགོས་པ་ལ་གཏན་འཁེལ་ནན་མོ་ཞིག་མེད་པས། ཚིག་རྐང་གི་མང་ཉུང་ལ་མ་ལྟོས་པར་བརྗོད་བྱའི་དོན་ཚན་རེ་རྫོགས་མཚམས་ཚན་པ་རེ་བྱས་འདུག དེར་མ་ཟད་ཚན་པ་གཅིག་གི་ནང་དུའང་རེ་འགའ་ཚེག་བར་དོ་མཉམ་པ་དང་། རེ་འགའ་ཚེག་བར་མང་ཉུང་མི་འདྲ་བ་སྣ་ཁ་གསུམ་བཞིའི་བར་བསྲེས་ཏེ་ཚེག་བར་དོ་མཉམ་པར་བྱས་ཡོད། དེ་བས་མགུར་མ་ནི་ཚིགས་བཅད་ཀྱི་རྩོམ་ལུས་ཐམས་ཅད་ལས་ཆེས་རང་དབང་ཆེ་ཞིང་གུ་ཡངས་པའི་རྩོམ་ལུས་ཤིག་རེད། མགུར་མའི་ཚིག་རྐང་གི་མང་ཉུང་དང་ཚེག་བར་མང་ཉུང་། ཆ་ཡའི་སྡེབ་སྦྱོར་སོགས་ཀྱི་ཆ་ནས་རང་དབང་ཆེ་ཞིང་གུ་ཡངས་པར་སྣང་ལ། དེ་དག་ཀྱང་དབུས་གཙང་ཕྱོགས་ཀྱི་དམངས་གཞས་ཀྱི་ཚིག་སྦྱོར་སྤེལ་སྟངས་དང་དཔེ་དོན་སྦྱོར་ཚུལ་དང་གཅིག་ཏུ་སྣང་། ལྷ་སའི་ངལ་རྩོལ་གླུ་གཞས་ཏེ་རྨོ་གཞས་དང་ཞིང་ཆུ་འདྲེན་པའི་གཞས། ཡུར་གཞས། ཇ་བཤིག་པའི་གཞས། རྩམ་པ་འཐག་པའི་གཞས། རྫི་བོའི་གླུ། མཉན་གཞས།བཀར་གཞས། གྱང་གཞས་སོགས་ཤིན་ཏུ་མང་མོད། དེ་རྣམས་ཀྱང་ཚིག་གི་སྦྱོར་སྟངས་དང་སྒྲིག་གཞིའི་ཆ་ཡ་སྡེབ་སྟངས་སོགས་ཧ་ཅང་རང་དབང་ཆེ་བས་ནང་དོན་དང་དཔེ་དོན་སྦྱོར་སྟངས་སོགས་མི་འདྲ་བ་མ་གཏོགས་ཧ་ཅང་འདྲ་ཆེ། དཔེར་ན། ལྷ་སའི་དམངས་གཞས་ལས།“རང་ཡུལ་ཕྱོགས་ལ་མ་སླེབས། །དྲན་པའི་གླུ་ཆུང་བཏང་ཡོད། །ཚེ་འདིར་བསྐོས་བའི་ཕ་མ། །མཇལ་བའི་དུས་ཤིག་ཤར་སོང་། ། གཤོང་གསེབ་མཛེས་པའི་ཕོ་བྲང་། །ཤིང་སྣ་བརྒྱ་ཡིས་བསྐོར་ཡོད། །བྱིའུ་ཆུང་གསུང་བཤད་སྙན་པ། །མཆོད་རྟེན་ཡ་ལ་གཟིགས་དང་། །ཆུ་མོ་ཆུ་རིས་ཤིག་ཤིག །བྱམས་པའི་སྐྲ་ལོ་འདྲ་བ། །བྱམས་པ་ཡིད་ལ་མ་འཁོར། །སྐྲ་ལོ་ཡིད་ལ་འཁོར་བྱུང་། །མཚོ་དེ་ཡར་འབྲོག་མཚོ་ལ། །སེར་བྱ་དཔུང་ཐང་ཤིག་ཤིག །དགའ་ཉེ་འཁོར་བ་མ་གཏོགས། །སྐྱེ་སྟེ་བྲལ་དགོས་མ་གཏོང་། །སེམས་པའི་གཞལ་ཡས་ཁང་ལ། །ལུས་པོ་འགྲོ་རྒྱུ་བྱུང་ན། །དཔག་ཚད་སྟོང་ཕྲག་ཡོད་ཀྱང་། །ལུས་པོ་རྡོལ་རྡོལ་ཕྱིན་ཆོག །དཀའ་བ་རི་ཀླུང་བཅད་པའི། །ཁམ་འབྲས་ཤོག་བུའི་མེ་ཏོག ། དགའ་པོ་དྲི་མཆོག་བཞིན་དུ། །བུ་མདོ་སེམས་པའི་མགོ་སྐོར། །ཞེས་པ་དང་། ད་དུང་གཞན་དུའང་། བུ་མོའི་ཆུང་འདྲིས་དང་པོ། །རྫ་མོའི་རིང་གི་རྫ་ཆུ། །ཤང་ཤང་རྣ་བས་ཐོས་ཀྱང་། །མཇལ་འཕྲད་གསེར་ལས་དཀོན་པ། །བུ་མོའི་ཆུང་འདྲིས་གཉིས་པ། །ཞིམ་པོའི་མངའ་རིས་ཁམ་བུ། །ནམ་མཇུག་བསྐྱལ་དགོས་བསམ་ཡང་། ། དབྱར་སྟོད་སད་ཀྱིས་ཁྱེར་སོང་། །བུ་མོའི་ཆུང་འདྲིས་གསུམ་པ། །ལྕང་གསེབ་དུག་གི་ལོ་མ། །དུག་ཤིང་ནག་པོའི་ཚེར་མ། །མཛུབ་མོའི་རྩེ་ལ་ཟུག་བྱུང་། །གནམ་དེ་སྔོན་པོའི་དཀྱིལ་ལ། །སྤྲིན་པ་འཇའ་སྤྲིན་ཤིག་ཤིག །བུ་ཆུང་གར་འགྲོའི་ས་ལ། །སྤྲིན་གཡབ་གཏོང་རོགས་གནང་དང་། །”ཞེས་མགུར་མ་ལྟར་བརྗོད་དོན་དེ་ཕྱི་རོལ་ཡུལ་གྱི་དངོས་པོའི་ཁྱད་ཆོས་ལ་བརྟེན་ནས། ཚིག་རྐང་སྔ་མའི་དཔེ་ལས་བརྗོད་དོན་རྟོགས་པར་བྱེད་པ་ནི་ལྷ་སའི་དམངས་ཁྲོད་ཀྱི་གླུ་དང་ཧ་ཅང་མཐུན། དམངས་གླུ་ལ་ཚེག་བར་དྲུག་རེ་དང་བདུན་རེ། བརྒྱད་རེ་སོགས་འདུག གླུ་དང་མགུར་མ་གང་ཡིན་ཡང་ཚིག་རྐང་གི་མང་ཉུང་དང་ཚེག་བར་གྱི་མང་ཉུང་།ཆ་ཡའི་སྡེབ་སྦྱོར་སོགས་ཀྱི་ཆ་ནས་རང་དབང་ཤིན་ཏུ་ཆེ་ཞིང་གུ་ཡངས་པར་སྣང་།

        མགུར་མ་དང་གླུ་གང་ཡིན་ཡང་སྙན་ངག་ལྟར་ཤོ་ལོ་ཀ་རེར་ཚིག་རྐང་དུ་ཚང་དགོས་པ་ལ་གཏན་འཁེལ་ནན་མོ་ཞིག་མེད་པ་དང་། ཚིག་རྐང་གི་མང་ཉུང་ལ་མ་ལྟོས་པར་བརྗོད་བྱའི་དོན་རེ་རྫོགས་མཚམས་སུ་ཚན་པ་རེ་བྱས་འདུག་ལ། ཚན་པ་རེའི་ནང་དུ་ཚེག་བར་མང་ཉུང་ཡང་དོ་མི་མཉམ་པ་ལྟར་མང་པོ་ཞིག་བྱས་ཡོད། དཔེར་ན། གངས་མཐོན་མཐིང་ལས་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཆུ་དབར་སྤྲུལ་སྐུའི་ཕོ་བྲང་ན་བཞུགས་པ་ལས། མཉམ་མེད་སྒམ་པོ་བ་དེ་ཉིད་གདམས་ངག་གི་སྒྲོ་འདོགས་རྣམས་ཆོད་ནས། ཤར་ཕྱོགས་ལ་འབྱོན་པར་ཆར་ཆེན་པོ་ཉིན་མཚན་མེད་པར་བབས་པས། བུ་སློབ་འགའ་ཐུགས་དུབ་པའི་རྣམ་པར་འགྱུར་བའི་མཐར། ནམ་མཁའ་དྭངས་ཏེ་ཉི་མ་ཤར་བའི་ཚེ། དཔོན་སློབ་བརྒྱད་རི་བོན་པོ་རིའི་རྩེ་ལ་སྐུ་ཁམས་བསང་དུ་བྱོན་ཏེ། ཀུན་ལ་ཐུགས་བདེ་བའི་ཉམས་ཤར་བ་ལས། ཆ་མེད་པའི་རས་པ་རྣམས་ཀྱིས་ཚེ་རིང་མའི་གངས་མཐོང་ནས་གངས་ཕ་གི་ཅི་ལགས་ཞུ་བའི་ལན་དུ། རྗེ་བཙུན་གྱིས་གངས་མཐོན་མཐིང་རྒྱལ་མོའི་ཆེ་བརྗོད་འདི་མགུར་དུ་གསུངས་སོ། །“རི་མཐོན་མཐིང་ལྷ་སྨན་རྒྱལ་མའི་མགུལ། །བྲག་བོན་པོ་རི་ཡི་རྩེ་མོ་ན། །རང་བྱ་བ་བཏང་བའི་མི་བརྒྱད་ཚོགས། །ཁྱེད་སྐྱིད་དུ་ཚོར་རམ་བུ་སློབ་རྣམས། །ཕ་ང་ནི་ཉམས་དགའ་ཤེས་པ་བདེ། །རྗེ་འབངས་བདེ་སྐྱིད་འཛོམས་དུས་འདིར། །ང་མི་རྒན་སྐྱིད་རྟགས་དབྱངས་ཤིག་ལེན། །ང་མི་རྒན་གླུ་རྒན་ལེན་པ་དེ། །བཀྲ་རྒན་བཅུ་གསུམ་ཤིས་པའི་རྟགས། ། བུ་བདེ་བ་སྐྱོང་དང་ཞི་བ་འོད། །ཚུར་ཤོག་ཕ་ངའི་རམ་བུ་ཐེག །དེ་རྗེས་རས་པ་གླུ་ལ་ཉོ། །གདན་གང་བཞུགས་པའི་རས་པ་རྣམས། །གངས་འདི་ཁྱེད་ཀྱིས་ཤེས་མ་ཤེས། །གངས་འདི་ཁྱེད་ཀྱིས་མི་ཤེས་ན། །ལྷ་སྨན་བཀྲ་ཤིས་ཚེ་རིང་ཡིན། །རྐེད་པ་ཡན་ཆད་རྩེ་མོ་མཐོ། །ཟུར་གསུམ་དུང་གི་བཤོས་བཟང་འདྲ། །མགུལ་ཆུ་དངུལ་གྱི་དྲ་བ་ལ། །ཉི་འོད་འཆར་བ་གཞན་བས་སྔ། །ཅོད་པན་ཤེལ་གྱི་ཟུར་ཕུད་ལ། །རྒྱན་དུ་སྤྲིན་དཀར་ལྡིང་བ་ཡིན། །རྐེད་པ་མན་ཆད་རྨང་གཞི་ལ། །ན་བུན་སྐྱི་བུན་རྒྱུན་དུ་འཐིབས། །ཆར་མི་དྲག་དལ་བུ་རྟག་ཏུ་འབབ། །འཇའ་འོད་མཆོད་སྤྲིན་རྟག་ཏུ་འཆར། །དེ་ཕྱུགས་ཀྱི་རྨ་གཡང་འཛོམས་པའི་རྟགས། །རི་དྭགས་མང་པོ་རྒྱུན་དུ་འཁོར། །མེ་ཏོག་སྤང་རྒྱན་ཚོན་ཚོགས་བཀྲ། །སྨན་ནུས་པ་ཅན་རྣམས་དེ་ལ་སྐྱེ། །དེ་ལྷ་སྨན་གངས་ཀྱི་ཆེ་བརྗོད་ཡིན། །མི་ང་ཡི་སྒྲུབ་གནས་ཆེ་ཤོས་ཡིན། །ཁྱེད་དྲི་བ་མཁན་གྱི་རས་པ་རྣམས། །དབྱངས་དེ་ལྟར་སྙན་དུ་འཇོག་པར་ཞུ། །”

        ཞེས་པ་ལྟ་བུ་ནི་དམངས་གླུ་ལྟར་ཆ་ཡའི་སྡེབ་སྦྱོར་ཁོ་ནའི་ཆ་ནས་བལྟས་ནའང་ཚེག་བར་འཁེལ་སྟངས་གཅིག་ཏུ་སྣང་སྟེ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཡ་ཆ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཡ་ཆ་ཆ་ཆ་ཡ། ཞེས་གོ་རིམ་བཞིན་ཚིག་རྐང་དུ་མའི་ནང་དུ་ཚེག་བར་བདུན་ཅན་དང་བརྒྱད་ཅན་མང་དུ་ཐོན་ཡོད་པར་མ་ཟད། ཚེག་བར་གྱི་ཆ་ཡ་འཁེལ་སྟངས་དེ་ཡང་དོ་མི་མཉམ་པར་དམངས་གླུའི་རྣམ་པ་ཅན་དུ་འདུག དེའང་ནང་དོན་མ་གཏོགས་རྗེ་བཙུན་ཉིད་ཀྱི་མགུར་མ་ནི་གནའ་བོའི་བོད་ཀྱི་མགུར་དང་བོད་དམངས་ཁྲོད་ཀྱི་གླུ་ལ་སོགས་ཀྱི་ཉིང་བཅུད་བླངས་པ་ལས་བྱུང་བ་ཤེས་ཐུབ་པས། སྒྲིག་གཞི་དང་སྒྱུ་རྩལ་གང་གི་ཆ་ནས་ཀྱང་མི་རིགས་ཤིག་གི་ཁྱད་ཆོས་མ་དོར་བའི་རྩོམ་ཉམས་ཤིག་ལྷུར་ལེན་བྱས་འདུག་གོ །

དཔྱད་གཞིའི་ཡིག་ཆ།

རུས་པའི་རྒྱན་ཅན། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།[M]. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཟི་ལིང། 2006ལོ།

ལྷོ་བསྟན་འཛིན་ཉི་མ། རྗེ་བཙུན་མི་ལའི་གསུང་མགུར་གཅེས་བསྡུས་ངེས་དོན་གདམས་ངག་རོལ་མཚོ།[M]. 2006ལོ།

རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་བརྙན་རིས་ངོ་མཚར་དད་པའི་མེ་ལོང་།མཚོ་སྔོན་ནང་བསྟན་རིག་གནས་ཞབས་འདེགས་ཁང་གིས་འགྲེམས་སྤེལ་བྱས།

ཞང་སྟོན་བསྟན་པ་རྒྱ་མཚོ།མི་ལའི་མགུར་གྱི་འགྲེལ་བ།[M].ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་དུ་བཞུགས།ཤིང་དཔར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1