༄༅།། འབྲུག་དཀར་གཙང་འགྲམ་གྱི་སྙེ་མ་ཚོས་འདུག

མདོ་སྨད་ཧེ་རུ་ཀ རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-10



འབྲུག་དཀར་གཙང་འགྲམ་གྱི་སྙེ་མ་ཚོས་འདུག

དབྱར་གྱི་བསིལ་རླུང་ནང་ལ།

སྟོན་གྱི་དྲི་མས་ཁེངས་འདུག

ཐབ་ཚང་གི་ནང་ལ་གོ་རེ་བསྲེགས་པའི་ཚིག་དྲི།

དུས་ཚིགས་ཀྱི་དྲི་མ་དང་འདྲ།

རྒྱང་རིང་ནས་ཁུར་ཏེ་གམ་ལ་འབྱོར།

དབྱར་གཞུང་གི་རླུང་བུ་ཚ་མོ་ཡིན།

ཐབ་ཚང་གི་མེ་ལྕེ་དང་འདྲ་བོ་འདུག

རྨི་ལམ་གྱི་སྙེ་མ་འབུས་པའི་དུས་ཚིགས་སྒྲིག་གིན་འདུག

སྡེ་མཐའི་རང་འཐག་དང་གྲམ་གཞུང་གི་ཆུ་མོ་ལྷུང་ལྷུང་།

འཇགས་སུ་མེད་པའི་སྒྲ་དབྱངས་ནང་ལ་སྔོ་ཚོད་དང་ཙོང་དྲི་ཐུལ།

བདེ་སྐྱིད་དང་བརྩེ་དུང་ཟེར་བ།

ཞིབ་ཏུ་བསམས་ན།

ཤིན་ཏུ་ཉེ་བའི་དྲི་མ་ཞིག་རེད་ཨང་།

བྱིས་པ་ཁྱུ་ཞིག་གིས།

དཔེ་ཁུག་ཁུར་ནས་སློབ་གྲྭར་འགྲོ།

དག་གཙང་གི་མིག་ཟུང་ནང་ལ།

པྲ་ཚག་གི་སྙེ་མ་ཤིག་ཤིག་འགུལ།

2022.07.02 གཙང་འགྲམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1