༄༅།། པྲོག་གསར་ནད་དུག་འགོས་པ་དྲག་རྗེས། ལུས་སྦྱོང་བྱེད་པ་ལ་བྲེལ་བ་ལངས་མི་རུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-16



        པྲོག་གསར་ནད་དུག་འགོས་པ་དྲག་སྐྱེད་བྱུང་རྗེས། དུས་ནམ་ཞིག་ནས་བཟུང་ལུས་སྦྱོང་བྱེད་ཆོག་གམ་ཞེ་ན། ཞིབ་འཇུག་ལས་གསལ་བ་ལྟར་ན། ལུས་སྦྱོང་བྱས་པ་ཡིས་ནད་རྟགས་ཡོད་པའི་པྲོག་གསར་ནད་དུག་འགོས་མཁན་གྱི་ནད་བབ་ཚབས་ཆེན་དུ་གཏོང་སྲིད་པ་ཡིན། དེར་བརྟེན། ལུས་པོ་སངས་དྲག་ཏུ་གྱུར་ནས་ནད་རྟགས་ཅི་ཡང་མེད་རྗེས། ད་གཟོད་གོ་རིམ་ལྡན་པའི་ངང་ལུས་སྦྱོང་ཡང་བསྐྱར་བྱས་ཆོག་པ་ཡིན།


        གཅིག ཉམས་གསོའི་དུས་སུ་སྦྱོང་བརྡར་ལ་གོ་རིམ་ཡོད་པའི་ངང་བྱ་དགོས་པ།

        པྲོག་གསར་ནད་དུག་འགོས་རྗེས། ཉམས་གསོའི་སྦྱོང་བརྡར་ནི་གོ་རིམ་ལྡན་པའི་ངང་བྱས་ན་ཆོག་པ་ཡིན། ནད་རྟགས་མེད་པའམ་ཡང་ན་ནད་རྟགས་ཡང་བའི་མི་ཡིས་དྲག་སྐྱེད་བྱུང་རྗེས་ཀྱི་གཟའ་འཁོར1ནས2ཀྱི་ནང་ལ། ནད་དུག་མ་འགོས་པའི་དུས་ཀྱི་ལུས་སྦྱོང་གོམས་གཤིས་སླར་གསོ་བྱས་ཆོག་པ་དང་། ནད་རྟགས་མངོན་གསལ་ཡོད་པའི་མི་ཡིས་དཔེར་ན་གཟའ་འཁོར3ནས4ཡི་རྗེས་ལ། གཟབ་ནན་གྱི་བྱེད་ཐབས་སྤྱད་ནས་ལུས་སྦྱོང་བྱེད་པ་སླར་གསོ་བྱས་ཆོག

        ལུས་སྦྱོང་གི་དྲག་ཚད་ལའང་གོ་རིམ་ལྡན་པའི་ངང་བྱ་དགོས་པ་སྟེ། ལུས་པོ་དགྱེ་སྒུར་བྱེད་པའམ་ཡང་ན་བགྲོད་སྐྱོད་འོས་འཚམ་བྱེད་པ་ནས་མགོ་ཚུགས་དགོས་པ་དང་། ལུས་པོ་ལ་མི་བདེ་བའི་ཚོར་བ་འདྲ་མེད་དུས། ལུས་སྦྱོང་གི་དྲག་ཚད་ཇེ་ཆེར་བཏང་ནས་དལ་མོའི་ངང་རྒྱུག་པ་སོགས་བྱས་ཆོག རྒྱུན་ལྡན་གྱི་ལུས་སྦྱོང་བྱེད་ཚད་དུ་སླར་གསོ་འབྱུང་བ་ལ། གཟའ་འཁོར་འགའ་ཡི་དུས་ཚོད་དགོས་པ་ཡིན།

        གཉིས། ལུས་སྦྱོང་བྱེད་སྐབས་ཀྱི་གཞི་འཛིན་ས་གསུམ་སྟེ།

        ཀ དྲག་ཚད་དམའ་བའི་ལུས་སྦྱོང་བྱེད་པ་སྟེ་དཔེར་ན་དལ་མོའི་ངང་འགྲོ་བ་ནས་མགྱོགས་མོའི་ངང་འགྲོ་བ་དང་། དེ་ནས་དལ་མོའི་ངང་རྒྱུག་པ་ལྟར་མགོ་བརྩམ་དགོས། གལ་ཏེ། ཐང་ཆད་པའི་ཚོར་བ་ཡོད་པའི་མི་ཚད། རྒྱུན་ལྡན་གྱི་དབུགས་ལེན་ཚད་ལས་མགྱོགས་པ་འདྲ་ཡང་བྱུང་ན། ལུས་སྦྱོང་བྱེད་ཚད་འོས་འཚམ་ངང་ཇེ་དལ་ལ་གཏང་དགོས། གལ་ཏེ། ལུས་པོར་མི་བདེ་བ་ཅི་ཡང་མེད་ན། མུ་མཐུད་དུ་ལུས་སྦྱོང་གི་དྲག་ཚད་ཇེ་ཆེར་བཏང་ཆོག

        ཁ། པྲོག་གསར་ནད་དུག་འགོས་པ་དྲག་སྐྱེད་བྱུང་རྗེས། མི་སོ་སོའི་ལུས་སྦྱོང་བྱེད་ཚད་སླར་གསོ་འབྱུང་བའི་དུས་ཚོད་མི་འདྲ། རང་ཉིད་ཀྱི་ལུས་སྦྱོང་བྱེད་ཚད་དེ་མི་གཞན་པ་དང་བསྡུར་བ་མི་བྱེད་པར་ཚང་མ་རང་གི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་བྱ་དགོས།

        ག གཟའ་འཁོར་གཅིག་གི་ཡས་མས་ལ་བགྲོད་སྐྱོད་བྱས་རྗེས། ལུས་པོར་མི་བདེ་བ་ཅི་ཡང་མ་བྱུང་ན། དྲག་ཚད་ཆེ་བའི་སྦྱོང་བརྡར་ཁ་ཤས་འོས་འཚམ་ངང་བྱས་ཆོག

        གསུམ། དམིགས་བསལ་དྲན་སྐུལ།

        ཞིབ་འཇུག་ལས་གསལ་བ་ལྟར་ན། ལུས་སྦྱོང་བྱེད་པ་མང་བའི་མི་ལ། པྲོག་གསར་ནད་དུག་འགོས་ཀྱང་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱ་དགོས་པའི་བསྡུར་ཚད་དམའ་བའི་དབང་གིས། ལུས་སྦྱོང་བྱས་ན་བདེ་ཐང་ལ་ཕན་པར་མ་ཟད། ད་དུང་ལུས་ཀྱི་རིམས་འགོག་ནུས་པ་རྒྱུན་འཁྱོངས་བྱེད་ཐུབ་པ་ལའང་ཕན་པ་ཆེན་པོ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1