༄༅། །དཔྱིད་དུས་ཀྱི་ཆམ་ནད་སྔོན་འགོག་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


  

དཔྱིད་ཀ་ནི་རིམས་ནད་མཆེད་པའི་དུས་ཚིགས་ཤིག་ཡིན་པས་ཆམ་རིམས་འབྱུང་ཚད་ཆེས་མཐོ། དེ་བས་གཤམ་དུ་དཔྱིད་ཀར་ཆམ་རིམས་ཇི་ལྟར་སྔོན་འགོག་བྱེད་པའི་སྐོར་ངོ་སྤྲོད་ཅིག་བྱེད།

 གཅིག ཉིན་རྒྱུན་གྱི་བཟའ་བཏུང་ལ་དོ་སྣང་བྱ་དགོས།

བཟའ་བཏུང་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ནའང་ལུས་ཀྱི་ནད་འགོག་ནུས་པ་ཇེ་མཐོར་གཏོང་ཐུབ། སྣུམ་ཟས་སྣུམ་ཆུའི་རིགས་བསྟེན་དྲགས་ན་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་གནོད་དེ། འཇུ་བྱེད་མ་ལག་གི་བྱེད་ལས་ཉམས་པ་དང་། ལུས་སྟེང་གི་ནད་དུག་འགོག་པའི་ནུས་པ་ཇེ་ཞན་དུ་གྱུར་ནས་ཆམ་རིམས་ཀྱི་ནད་དུག་འགོ་སྲིད། དེ་བས་བཟའ་བཏུང་ལུགས་མཐུན་སྒོས་བསྟེན་དགོས་ཏེ། སྒོང་སྤྲི་དང་མངར་ཆ། ཚིལ་ཞགས། གཏེར་རྒྱུ། འཚོ་བཅུད་བེ་ཧྲིན་སུའུ་སོགས་ལུས་ཟུངས་གསོ་བྱེད་ཀྱི་རིགས་སྣ་ཚོགས་བསྟེན་པ་དང་། ལྷག་པར་དུ་འཚོ་བཅུད་བེ་ཧྲིན་སུའུ་C འདུས་པའི་ཟས་རིགས་མང་དུ་བསྟེན་དགོས། བཟའ་བཏུང་ལུགས་མཐུན་སྒོས་བསྟེན་དགོས་ཏེ་མང་བཟའ་མང་འཐུང་བྱེད་མི་རུང་། དེ་ལས་གཞན་ཆུ་མང་པོ་འཐུང་ན་བཟང་།

 

གཉིས། རང་ལུས་ལ་གཙང་སྦྲའི་ཕྱོགས་ལ་དོ་སྣང་བྱ་དགོས།

རང་ལུས་ལ་གཙང་སྦྲ་བྱས་ན་ཆམ་རིམས་སྔོན་འགོག་བྱེད་ཐུབ། ཆམ་རིམས་ཀྱི་ནད་དུག་དེ་ལག་པས་ནད་དུག་ཡོད་པའི་དངོས་རྫས་གང་རུང་ལ་རེག་ཐུག་བྱས་རྗེས་ཡང་བསྐྱར་རང་ཉིད་ཀྱི་ཁ་སྣ་ལ་རེག་ནས་འགོས་མཆེད་བྱུང་བ་ཞིག་རེད། དེ་བས་རྒྱུན་པར་ལག་པ་གཙང་མར་བཀྲུས་རྒྱུ་ནི་ཤིན་ཏུ་གལ་ཆེ། ནམ་རྒྱུན་ཡང་ལག་པས་མིག་དང་ཁ་སྣ་ལ་རེག་ཐུག་མ་བྱས་ན་བཟང་། དེ་ལས་གཞན་ལག་པ་བཀྲུ་སྐབས་འདག་རྫས་བཀོལ་ནས་ཡང་ནས་ཡང་དུ་གཙང་མར་བཀྲུ་དགོས། ད་དུང་ཕྱི་རོལ་དུ་འགྲོ་སྐབས་ཁ་ཐུམ་རྒྱག་དགོས། ཁ་ཐུམ་གྱིས་ནད་དུག་རྩ་བ་ནས་འགོག་མི་ཐུབ་ནའང་། ཁ་ཐུམ་རྒྱག་པ་དེ་ནད་དུག་ཕན་ཚུན་ལ་འགོ་བ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་བཟང་པོའི་ཁྲོད་ཀྱི་གཅིག་ཡིན།

 

གསུམ། ལུས་རྩལ་སྦྱོང་བརྡར་ལ་དོ་སྣང་བྱ་དགོས།

ལུས་རྩལ་སྦྱོང་བརྡར་བྱེད་པར་ཡང་དོ་སྣང་བྱ་དགོས་ཏེ། དཔེར་ན། འཆམ་འཆམ་དུ་འགྲོ་བ་དང་། རྒྱུགས་པ། རི་མགོར་འགོ་བ། ལྒང་ལི་རྒྱག་པ། ཐའེ་ཅི་དྲག་རྩལ་སྦྱོང་བ་སོགས་བྱས་ན་ལུས་སྟོབས་ཇེ་བཟང་དུ་གྱུར་ནས་ནད་དུག་འགོག་པའི་ནུས་པ་ཇེ་བརྟན་དུ་གཏོང་ཐུབ།

 

བཞི། ངལ་གསོ་ལེགས་པོ་བྱེད་པར་དོ་སྣང་བྱ་དགོས།

ངལ་བཟང་པོ་གསོ་བ་དང་གཉིད་འདང་ཚིམ་པ་ཞིག་ལོག་པ་དེས་ཐད་ཀར་དུ་ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་བཟང་དུ་གཏོང་ཐུབ། དེ་བས་བྱ་འགུལ་གང་ཞིག་ཡིན་རུང་འོས་འཚམ་ཞིག་བྱས་རྗེས་མཚམས་བཞག་ནས་ངལ་གསོ་བ་དང་གཉིད་འདང་ཚིམ་པ་ཞིག་ལོག་ན་ལུས་སྟོབས་རྒྱས་ཐུབ།

 

ལྔ། མཁའ་དབུགས་རྒྱུ་བར་དོ་སྣང་བྱ་དགོས།

ཆམ་རིམས་ཀྱི་ནད་དུག་དེ་ནི་མཁའ་དབུགས་བརྒྱུད་ནས་ཕན་ཚུན་ལ་བགོ་བའི་ནད་དུག་ཅིག་ཡིན་པ་དང་། ལྷག་པར་དུ་མཁའ་དབུགས་དེ་འདྲ་རྒྱུ་མི་ཐུབ་པའི་ཁོར་ཡུག་འོག་འགོ་སླ་བས། ང་ཚོས་རྒྱུན་པར་ཁང་བའི་སྒོ་དང་དྲ་མ་ཕྱེས་ནས་མཁའ་དབུགས་རྒྱུ་རུ་འཇུག་དགོས། རྒྱུན་ལྡན་གྱི་བྱ་འགུལ་སྤེལ་ས་དེ་རབ་ཡིན་ན་མཁའ་དབུགས་རྒྱུ་སའི་གནས་སུ་བཀོད་སྒྲིག་བྱ་དགོས་ལ། མི་མང་ཚོགས་སར་དེ་འདྲ་མ་སོང་ན་བཟང་།

 

དྲུག ཆམ་རིམས་ཀྱི་འགོག་སྨན་རྒྱག་པར་དོ་སྣང་བྱ་དགོས།

ལོ་ལོན་དང་ལུས་སྟོབས་ཞན་པའི་མི། དལ་བའི་རང་བཞིན་གྱི་ནད་ཡོད་པའི་ནད་པ། སྨན་བཅོས་མི་སྣ། ཟླ་བ་དྲུག་ནས་ལོ་གསུམ་བར་གྱི་བྱིས་པ་བཅས་ལ་ལོ་རྒྱུན་དུ་ཆམ་རིམས་ཀྱི་འགོག་སྨན་བརྒྱབ་ན་བཟང་། འགོག་སྨན་བརྒྱབ་ནས་ཟླ་ཕྱེད་ཙམ་འགོར་རྗེས་ད་གཟོད་ནད་འགོག་ནུས་པ་ཐོན་ནས་ཆམས་རིམས་ཀྱི་ནད་དུག་འགོག་ཐུབ་པ་ཡིན། འདི་ནས་ཚང་མར་གསལ་བཤད་བྱེད་དགོས་པ་ཞིག་ནི། ཆམ་རིམས་ཀྱི་འགོག་སྨན་དེ་ཐེངས་གཅིག་བརྒྱབ་པ་ཙམ་གྱིས་ནམ་ཡང་གོ་ཆོད་པ་ཞིག་མིན་པར། ལོ་རྒྱུན་དུ་རྒྱག་དགོས་པ་ཡིན།

 

བདུན། གྲང་འགོག་དྲོད་སྲུང་བྱེད་པར་དོ་སྣང་བྱ་དགོས།

སྐབས་རེར་ཚ་ཞིང་སྐབས་རེར་འཁྱགས་ན་ལུས་ཕུང་ལ་མི་འཕྲོད་པ་དང་ལུས་ཀྱི་ནད་འགོག་ནུས་ཤུགས་ཇེ་ཞན་དུ་གྱུར་ནས་ཆམ་རིམས་ནད་དུག་འགོ་སླ། དེར་བརྟེན་མི་རྣམས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་ཇེ་མཐུག་དང་ཇེ་སྲབ་ཏུ་གཏོང་དགོས། དཔྱིད་མགོའི་དུས་སུ་ནངས་དགོང་ལ་ད་དུང་ཅུང་འཁྱག་པས་ལྭ་བ་དྲོན་པོ་གྱོན་པ་དང་དགོང་མོར་ཉལ་ཐུལ་མཐུག་པོ་གོན་དགོས། དེ་ལས་གཞན་ཉི་འོད་ཀྱིས་ཁང་བའི་ནང་གི་དྲོད་འཛིན་པར་མ་ཟད། ཁང་བའི་ནང་གི་ནད་དུག་ཡང་སེལ་ཐུབ་པས། ནམ་རྒྱུན་ཁང་བའི་ནང་དུ་ཉི་འོད་རྒྱག་ཏུ་འཇུག་རྒྱུ་གལ་ཆེ།

 

བརྒྱད། སྔོན་འགོག་རང་བཞིན་གྱི་སྨན་བཀོལ་བར་དོ་སྣང་བྱ་དགོས།

ཆམ་རིམས་མཆེད་པའི་དུས་སུ་སྔོན་འགོག་རང་བཞིན་གྱི་སྨན་བཀོལ་ན་ཆམ་རིམས་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ། རྩྭ་སྨན་ཏེ་དཔེར་ན། རྒྱ་སྐད་ཀྱི་ལེན་ཧྭ་ཆིན་བིན་ཅའོ་ནང(莲花清瘟胶囊)ཞེས་པ་དེ་འཐུང་ན། སྨན་དེ་ལ་ནད་དུག་འགོག་པ་དང་སྲིན་འགོག་གཉན་འཇོམས་ཀྱི་ནུས་པ་ལྡན་པར་མ་ཟད། སྨན་དེས་ད་དུང་མིའི་ལུས་ཀྱི་རིམས་འགོག་ནུས་ཤུགས་ཀྱང་ཇེ་མཐོར་གཏོང་ཐུབ་ཐུབ་པས། ཆམ་རིམས་སྔོན་འགོག་བྱེད་སྤྱད་ཀྱི་སྨན་བཟང་པོ་ཞིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1